[A:༣༡༡]པ་བས། རྗེ་ས་ཆེན་ལ་སྙན་བརྒྱུད་ཡི་གེ་མེད་པའི་གདམས་ངག་སྩལ་སྐབས་བསྙེལ་གསོས་ཕྱག་རྒྱབ་ལ་ཞལ་ཆུས་བྲིས་པ་ཙམ་ལའང་བཀའ་བཀྱོན་གྱི་ཚུལ་མཛད་ཅིང་ལོ་བཅོ་བརྒྱད་བར་དུ་ཡི་གེ་འབྲི་བ་ལྟ་ཅི། །མིང་ཙམ་ཡང་བསྒྲག་པར་མི་བྱའོ། །དེ་ནས་འབྲི་འཆང་གང་བྱས་ཀྱང་ཁྱེད་རང་དབང་ཆེའོ་གསུང༌། རྗེ་ས་སྐྱ་པ་ཆེན་པོས་མི་ལོ་བཅོ་བརྒྱད་བར་དུ་ཉིན་རེར་བསྙེལ་གསོས་ལན་གསུམ་རེ་མཛད། དེ་མཚམས་ཞུ་བ་པོ་སོ་སོའི་ངོར་རྩ་བ་རྡོ་རྗེའི་ཚིག་རྐང་ལ་རྣམ་འགྲེལ་བཅུ་གཅིག་མཛད། མན་ངག་གི་སྙིང་པོ་རྣམས་ཞལ་སློབ་གནང༌། དེ་ནས་བླ་རབས་བཅུ་པ་ངོར་ཆེན་ཐམས་ཅད་མཁྱེན་པས་རྒྱལ་བ་མུས་པ་ཆེན་པོ་ལ་གདམས་པའི་བཅུད་རྣམས་སྩལ། ཚོགས་པ་བྱིངས་ལ་མདོ་རྒྱུད་མ་ལུས་པ་གསལ་བར་བྱེད་པའི་ལྗགས་བཤད་མཛད་པ་ལ་བརྟེན་ནས་ཚོགས་སློབ་ཀྱི་བརྒྱུད་པ་སོ་སོར་གྱེས་ཏེ། ཐུན་མོང་མ་ཡིན་པའི་བརྒྱུད་འཛིན་བཞི་པ། སྙན་བརྒྱུད་གདམས་པ་ཟབ་མོའི་བཀའ་བསྡུ་བ་པོ་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཚར་ཆེན་ཧེ་རུ་ཀས། ཐུགས་སྲས་ཉི་མ་དང་ཟླ་བ་ལྟ་བུ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང༌། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གཉིས་ལ་བུམ་པ་གང་བྱོའི་ཚུལ་དུ་གནང༌། ཕྱི་རབས་གདུལ་བྱ་རྣམས་སྙན་བརྒྱུད་འཛིན་མི་ནུས་པ་ལ་དགོངས་ནས་ཡབ་སྲས་གསུམ་གྱིས་གཏན་ལ་ཕབ་པའི་གདམས་ཟབ་གསེར་གྱི་ཡང་ཞུན་ལྟ་བུའི་ཁྲིད་ཡིག་དང༌། དེའི་ཆ་ལག་རྟེན་གཞི་དང་བཅས་པ་འདི་རྣམས་ཕྱོགས་གཅིག་ཏུ་སྡུད་ནས་གཅིག་ལས་དུ་མ་འཆར་བའི་འཕྲུལ་