[A:༣༡༢]ཐབས་ཤིག་མ་བྱུང་ཕྱིན་ད་ནི་བློ་དང་དད་བརྩོན་ཇེ་ཞན་ཇེ་དམན་དང༌། གལ་ཆུང་ཆོས་ལ་བྱེད་པའི་དུས་ཚོད་རིམ་བཞིན་ཤར་འོང་བས་ཟབ་ཅིང་རྒྱ་ཆེ་བའི་བཀའ་སྲོལ་འདི་ཆ་ལག་ཡོངས་སུ་རྫོགས་པ་ཡུན་རིང་དུ་མི་གནས་པར་འགྱུར་ན་འཇིག་རྟེན་གསུམ་གྱི་དཔལ་འབྱོར་རྒུད་ཀྱང་སླའི། འདི་ནི་དེ་ལྟར་མ་ཡིན་ཏེ་རྒྱལ་བསྟན་གྱི་སྙིང་པོ་འགྲིབ་པ་དང༌། གཏན་བདེའི་རྩ་བ་རུལ་བའི་ཕྱིར་རོ། །ཅེས་གསུངས་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྲོག་ལས་གཅེས་འཛིན་ལྷན་སྐྱེས་སུ་ཡོད་པའི་དབང་གིས། དོན་དེ་ཉིད་བསྒྲུབ་པའི་སླད་དུ་ཐུགས་བརྩོན་ཆུ་བོའི་རྒྱུན་ལྟར་བསྐྱེད་པར་མཛད་དོ། །ཁྱད་པར་དུ་སློབ་བཤད་ཁྲིད་ཀྱི་ཤིང་རྟ་ཆེན་པོ་གཉིས་ཀྱི་དགོངས་པ་འགལ་མེད་དུ་སྒྲུབ་པའི་བསྟན་བཅོས་དང༌། ཁྲིད་ཀྱི་འཆད་ཐབས་ངོ་མཚར་ཅན་གསར་དུ་སྤེལ། དབུས་གཙང་ཁམས་ཕྱོགས་གང་ནའང་ཡིག་ཚོགས་ཡོངས་རྫོགས་ཆ་ཚང་བ་དཀོན་འདུག་པས་འདི་དག་ཐམས་ཅད་པར་དུ་འཁོད་བ་ཞིག་བྱས་ཚེ་འཆད་ཉན་ཆབ་གཅིག་ཏུ་འགྲོ། དེས་བསྟན་རྒྱུན་ལ་ཕན་པ་ཞིག་འོང་ངོ་གསུངས། འགའ་ཞིག་ནས་ཟབ་ཆོས་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་འདི་པར་དུ་བརྐོ་མི་རུང་ཚུལ་ཞུས་པ་ལ་གང་ལྟར་བྱས་ཀྱང་ང་རང་དབང་གསུངས། འགའ་ཞིག་ནས་ཉམས་ལེན་བྱ་རྒྱུའི་གཙོ་བོ་དེ་རྣམས་ལས། གཞན་རྣམས་ཕྱོགས་བསྡུ་འབྲི་བརྐོ་དཀའ་ཚེགས་ཆེ་བའི་ཚུལ་ཞུས་པ་ལ། བློ་ཆུང་གི་ངང་ཚུལ་ཅན་འདི་དག་ལ་ནི་འདི་ལས་དྲན་རྒྱུ་ཅི་ཡོད། ཁོ་བོ་ཅག་ལ་ནི་དེ་ཙམ་གྱིས་མི་ཆོག་པ་དང་མི་འཐུས་པའི་དྲན་རྒྱ་ཆེན་པོ་ཞིག་དབང་མེད་དུ་ཤར་བའི་