[A:༣༡༠]ལྷག་ཙམ་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད། ཆུ་སྟག་ལོར་རྣལ་འབྱོར་པ་བཙད་པོ་ལྷ་རྗེ་ལས་སྔ་འགྱུར་རྒྱུད་འབུམ་བཀླག་ལུང་གསན། རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་ཀྱི་འཁོར་ལོ་བཞི་པ་བསྐོར། སྲས་ཀྱི་ཐུ་བོ་བེ་ཚོང་ཆོས་རྗེ་བདག་ཅག་རྡོ་རྗེ་སློབ་མ་ཟུང་གིས་ཞབས་འདེགས་ཞུས་པའི་འཁོར་གྱི་གཙོ་བོ། །གནས་ལྔ་རིག་པ་ས་སྒང་དབོན་པོ་དང༌། གཞུང་ལུགས་སྨྲ་བ་སྡེ་གཞུང་དབོན་པོ་ཀུན་དགའ་རྒྱལ་མཚན་བཅས་པའི་འདུས་པ་བཅུ་ཕྲག་གཉིས་ལས་ལྷག་ཙམ་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད། སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་ཞལ་སྐོང་དང་བཅས་པ་བཀའ་རྫོགས་ལུང་རྫོགས་སུ་གནང༌། བགྲང་གཞི་ང་བརྒྱད་པ་ཤིང་འབྲུག་ལོར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སློབ་བཤད་ཟབ་མོའི་ཕྱག་བཞེས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཡོངས་རྫོགས་གནང་བའི་འཁོར་གྱི་གཙོ་བོ། །ཀུན་སྤངས་སྦས་པའི་རྣལ་འབྱོར་འཁོར་འདས་འཛིན་པ་རང་གྲོལ་ངག་དབང་ཤེས་རབ་རྒྱ་མཚོ། སྐྱེས་སྦྱངས་ཀྱིས་ཡོན་ཏན་དུ་མས་ཐུགས་རྒྱུད་གཏམས་པའི་ཧོར་ཉ་བྲག་མཆོག་སྤྲུལ་ཀུན་དགའ་ཆོས་ཀྱི་རྒྱལ་མཚན། གདོང་ཐོག་སྤྲུལ་པའི་སྐུ་ཀུན་དགའ་འཆི་མེད་དབང་པོ་བཅས་པའི་འདུས་པ་བཅུ་ཕྲག་གསུམ་ལྷག་བཅས་ལ་ཐུགས་རྗེ་དང་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། དེའི་དུས་ན་རྗེ་གསང་བདག་བླ་མའི་ཞལ་ནས་འདི་སྐད་ཅེས་བཀའ་སྩལ་པ། སྔོན་གྱི་དུས་སུ་རྗེ་ག་ཡ་དྷཱ་རས་འབྲོག་མི་ལོ་ཙཱ་བ་དང༌། དེ་ཉིད་ཀྱིས་བཀའ་བབས་བུ་བཞི་དང་བཅས་པ་ལ་སྙན་བརྒྱུད་ཁོ་ནར་གདམས་པར་མཛད། དེའི་རྗེས་སུ་བླ་མ་ཞང་དགོན་