R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༡༧
[A:༣༡༧]པའི་ཐུགས་ཀྱི་དབྱིག །ཡོངས་སུ་སྡུད་མཛད་བློ་ཆེན་བློ་གཏེར་དབང༌། །ཡི་གེ་བཞི་ལྡན་ཞལ་སྐྱིན་ཆེན་པོ་གཉིས། །ཉིན་མཚན་སྒྲོན་མེ་ཟུང་གི་སྤུན་ཟླ་བཞིན། །སྔོན་གྱི་དུས་དང་བསྟན་ཞབས་སྡུད་པའི་སྐབས། །ཕྱི་ནང་མུན་པའི་གཤེད་དུ་ཤར་འདིར་མཚར། །མེ་རྟ་ལོར་ཨ་མདོ་བཀྲ་ཤིས་འཁྱིལ་ནས་སྡེ་སྣོད་འཛིན་པའི་ཁྱུ་མཆོག་དཔལ་མང་སྤྲུལ་སྐུ་ཆེད་གཏད་ཕེབས། །དེ་ལ་རྣལ་འབྱོར་རྒྱུད་ཀྱི་སྐོར་རྣམས་གནང༌། གཞུང་ལུགས་རབ་འབྱམས་སྨྲ་བ་རབ་གཤིས་སྤྲུལ་པའི་སྐུ་འཇམ་དབྱངས་སྐལ་བཟང་རྣམ་རྒྱལ་དང་བཅས་པ་ལ་དབུ་མ་ལ་འཇུག་པ་དང༌། ཕར་ཕྱིན་མངོན་རྟོགས་རྒྱན་དང༌། མངོན་པ་མཛོད་ཀྱི་ཁྲིད་ལུང་དང༌། བཀའ་གདམས་ཆོས་སྐོར་གྱི་བཀླག་ལུང་དང༌། སྒྲུབ་ཐབས་རིན་པོ་ཆེ་ཀུན་བཏུས་ཀྱི་ཞལ་སྐོང་རིགས་བཅས་སྩལ། མཚན་ཡང་དག་པར་བརྗོད་པ་འདི་ལ་བཤད་སྲོལ་དྲུག་གི་ནང་ནས་དུས་འཁོར་ལྟར་འགྲེལ་བའི་ཡང་སྙིང་དགེ་འདུན་རྒྱ་མཚོའི་བཀའ་འགྲེལ་འདིའི་སྟེང་ནས་བཤད་ལུང་གི་རྒྱུན་བཞུགས་པས། ཚིག་འགྲེལ་ཟུར་བཀོལ་གྱི་འགྲེལ་ཆུང་འབྲི་བར་བཀའ་སྩོལ། མེ་ལུག་ལོར་ལྷུན་གྲུབ་སྟེང་དུ་ཕེབས། སྨྱུང་བར་གནས་པ་དང༌། ཐར་པ་ཆེན་པོའི་མདོ་ཆོག་བཅས་སྐབས་འདི་དང་ལོ་སྔ་ཕྱི་བར་གསུམ་ལ་ལན་གྲངས་མང་དུ་མཛད་ཅིང་འབྲེལ་ཐོགས་ཐམས་ཅད་རྣམ་གྲོལ་གཏན་བདེའི་ངལ་འཚོ་ཆེན་པོ་ལ་དབུགས་དབྱུང་ཐོབ་པའི་ཐུགས་སྨོན་བདེན་ཚིག་གི་ལམ་དུ་དྲངས་པ་ཡང་ནས་ཡང་དུ་མཛད། ས་སྤྲེལ་ལོར། ཨ་མདོ་དྷཱི་ཕུའི་ཕྱོགས་ཀྱི་བླ་ཆེན་བསླབ་གསུམ་སྡེ་སྣོད་འཛིན་པ་