R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༡༦
[A:༣༡༦]སྲོལ་མང་པོའི་རྒྱུན་ནི་སྤེལ། རེ་རེ་ཙམ་ཡང་ཉམས་པ་དང་ཆད་དུ་དོགས་པའི་ཐུགས་ངལ་ནི་སྐུ་སྲོག་འདོར་བ་ཙམ་ཡོད་པ་སོགས་ལ་དཔག་ན་ངེས་པ་དོན་གྱི་རྡོ་རྗེ་འཛིན་རྒྱལ་ཉིད་དུ་གདོན་མི་ཟ་བའི་གཏན་ཚིགས་མཐོང་ནས་བརྗོད་པ་ལས་ཕྱོགས་ལྷུང་གི་གཏམ་དུ་གྱུར་པ་ནི་ཅུང་ཟད་ཙམ་ཡང་མེད་དོ། །དུས་སྐབས་འདི་ཙམ་ནས་གསང་ཆེན་སློབ་བཤད་ཟབ་མོའི་བཀའ་བསྡུ་གྲུབ་ནས་གླེགས་བམ་བཅུ་བདུན་ཁ་ལང་བའི་འབྲི་བརྐོ་རགས་རིམ་ཟིན་ནས་འཆད་སྤེལ་གྱི་བཀའ་དྲིན་ཆེན་པོ་གནང༌། སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་སྨིན་གྲོལ་བདུད་རྩིའི་ཆུ་རྒྱུན་ལྷག་མ་མེད་པ་སྐལ་ལྡན་སྙིང་གི་གདུང་སེལ་ཐར་མཆོག་བདེ་བ་ཆེན་པོའི་བཅུད་དུ་སྨིན་པར་མཛད་དོ། །ཨ་ཧོ་འཇིག་རྟེན་གསུམ་གྱི་སྙིང་ནོར་གཅིག་པུ་དེ། །སྙིགས་མའི་སྨག་རུམ་ཁྲོད་དུ་སྟོར་ལ་ཉེ་བ་ན། །ཐུགས་སྟོབས་མཚུངས་པ་མེད་པའི་རྩལ་གྱིས་ཡོངས་སུ་བཟུང༌། །ས་གསུམ་རྒུད་པ་སེལ་བའི་རྫོགས་ལྡན་གསར་དུ་བཞད། །ཕན་དང་བདེ་བའི་དངོས་པོ་ཀུན་གྱི་ཕུལ། །གསང་ཆེན་གྲུབ་པ་མཆོག་གི་དཔལ་སྦྱིན་པའི། །རྣམ་པར་ཐར་པའི་སྒོ་ཆེན་ཕྱེས་པ་འདིར། །མ་འཇུག་རྡོ་རྗེའི་གཏན་སྲིད་ཟིན་འདོད་འཁྲུལ། །འཕགས་པའི་ཡུལ་གྱི་ཆེ་བ་རྣམས་གསུམ་ལས། །ནུས་པ་ཆེ་བ་དཔལ་མགོན་བི་ཝ་པ། །གང་དེས་དགོངས་པའི་ཀློང་ནས་རྩལ་སྤྲུགས་པའི། །གསང་བའི་སྙིང་པོ་གསུང་ངག་རིན་པོ་ཆེ། །སྒོ་སྐྱེལ་མཛད་ཡུལ་བརྩེ་ཆེན་ས་སྐྱ་པ། །གསང་བ་རབ་འབྱམས་ཀུན་གྱི་བདག་པོར་བསྐོས། །དེ་ཉིད་བརྒྱུད་པར་བཅས་