R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༡༨
[A:༣༡༨]ལྕང་ལུང་སྤྲུལ་པའི་སྐུ་གཙོ་བོར་གྱུར་པའི་འདུས་པ་བརྒྱ་ཕྲག་ལྷག་ཙམ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྨིན་གྲོལ་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར། ཡང་དབེན་གནས་ལྷུན་གྲུབ་ཡང་རྩེར་ཕེབས། བགྲང་གཞི་རེ་གསུམ་པ་ས་བྱི་ལོར། རབ་འབྱམས་གཞུང་ལུགས་ཀུན་ལ་འཇིགས་བྲལ་སྨྲ་བའི་སེང་གེའི་བརྟུལ་ཞུགས་འཆང་བ་མཁན་ཆེན་གཞན་ཕན་སྣང་བ་གཙོ་བོར་བཞུགས་པ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྨིན་གྲོལ་ཟབ་མོ་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་ཐུགས་བཞེད་ཐམས་ཅད་སྐོང་ཞིང༌། རྗེ་ཉིད་ཀྱིས་ཀྱང་གཞུང་ཆེན་འགའ་ཞིག་གི་ཆོས་འབྲེལ་གསན་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྗེ་མཁས་པའི་དབང་པོ་དེ་ཉིད་ཀྱི་སྐབས་འདིར་གཏམ་ལྷ་ཡི་རོལ་མོ་ཞེས་པ་ཞིག་ཆེད་དུ་བརྗོད་པ་ལས། ཨེ་མ་གསང་ཆེན་སྔ་འགྱུར་ཆོས་སྒོ་ཞུགས། །འཕགས་ཡུལ་མཁས་པའི་གཞུང་ལ་ཅུང་ཟད་སྦྱངས། །ཕྱོགས་ལྷུང་མེད་པའི་སེམས་ཀྱིས་བརྟགས་བྱས་པས། །དཔལ་ལྡན་ས་སྐྱའི་ཆོས་ལ་ཡིད་ཆེས་སྐྱེས། །ཞེས་སོགས་རྒྱུ་མཚན་ངེས་ནས་ངེས་པར་བརྗོད་པའི་གསུང་སྦྱོར་ཚིགས་སུ་བཅད་པའི་སྒོ་ནས་བསྔགས་པའི་མེ་ཏོག་འཐོར། ཐུབ་དབང་རྡོ་རྗེ་འཆང་ཀུན་བཟང་བླ་མའི་རྒྱལ་ཚབ། ངོར་ཨེ་ཝཾ་པའི་མཁན་ཆེན། ཕན་བདེ་ཁང་གི་བྱམས་པ་དཔལ་ལྡན་ཆོས་མཛད་དང༌། ཐར་པ་རྩེའི་འཇམ་དབྱངས་ཀུན་བཟང་བསྟན་པའི་རྒྱལ་མཚན་དང༌། ཕུན་ཚོགས་ཁང་གསེར་གྱི་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་བཅས་དང༌། མཆོག་གི་སྤྲུལ་སྐུ་ཕྲིན་ལས་རྣམ་པར་རོལ་པ་འཇམ་དབྱངས་