[A:༣༢༠]བཤད་གང་གནང་བ་དེ་དག་ཐམས་ཅད་གཞུང་ཚིག་གཅིག་ཀྱང་ལྷག་ལུས་མེད་པ་ལ། སློབ་མའི་བློ་དང་འཚམས་པའི་གོ་བདེ་ཉན་བདེ་ཁོ་ནར་མཛད་པ་ལས། རིག་ལམ་རྣོ་རྣོ་དང༌། ཁ་ལྕེ་བདེ་བདེས། གཞན་ལ་སྐྱོན་མཚང་འབྲུ་བ་དང༌། རང་ཉིད་ཁྱད་དུ་ཐོན་པ་གཙོ་བོར་མི་མཛད་པ་དོན་གནད་སྙིང་པོ་བཏོན་པས་དཔྱོད་ལྡན་གཟུ་གནས་དག་གི་བློ་གྲོས་ཀྱི་བུམ་བཟའ་འགེང་ནུས་པ་ཞིག་རྗེ་འདི་ལ་མངའ་བ་ལགས་སོ། །སྐབས་འདིར་རྒྱལ་སྲས་འཇམ་དཔལ་དཔའ་པོའི་བྱིན་རླབས་ཀྱི་ཟིལ་དངར་མཐུང་བའི་འཆི་མེད་གཞོན་ནུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞིང་ཁམས་གཞན་གྱི་གདུལ་བྱ་ལ་གཟིགས་ནས་རིང་པོ་མ་ལོན་པའི་དུས་ན། རྗེ་འདི་ཉིད་ཀྱི་དྲུང་དུ་དག་པའི་སྒྱུ་ལུས་དངོས་སུ་བྱོན་ནས། སྤྱིར་གསུང་བཤད་ཞལ་འཕྲོས་དང་བྱེ་བྲག་དུས་འཁོར་འགྲེལ་ཆེན་ལ་དཀའ་ཚེགས་ཆེན་པོ་བྱས་ཚུལ་ཡང་ཡང་གསུང་འདུག་པས། ད་ནི་འཆད་སྤེལ་གྲུབ་པ་ཞིག་ངེས་པར་དགོས་སོ་གསུངས་ནས། ཉེ་བར་གནས་པ་ཆོས་དབྱིངས་འོད་གསལ་ཆེད་དུ་གདན་དྲངས་ཏེ། རྒྱུད་འགྲེལ་དེ་ཉིད་ཚུལ་བཞིན་ཏུ་གསན་པར་གནང༌། ཆུ་གླང་ལོར་ཟླ་བ་བདུན་པའི་ནང་སྐྱེ་དགུ་དོན་གྲུབ་གླིང་གི་བླ་མ་སྤྲུལ་སྐུ་དང༌། ཕྱོགས་གཞན་ནས་བྱོན་པའི་བསྟན་འཛིན་མཁན་སློབ་མང་ཞིག་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་དགོངས་དོན་ཀུན་མཁྱེན་བུ་སྟོན་ཆོས་རྗེའི་ཕྱག་མཆན་སྟེང་ནས་མཁས་མཆོག་མི་ཕམ་དང་ལྷན་ཅིག་རྗེ་མཁྱེན་བརྩེའི་ཞལ་ནས་