R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༡༩
[A:༣༡༩]ཆོས་ཀྱི་བློ་གྲོས། ལུང་རྟོགས་ཡོན་ཏན་གྱི་ཕུང་པོ་དགེ་བའི་བཤེས་གཉེན་མཚུངས་མེད་འཇམ་དབྱངས་རྒྱལ་མཚན་ལ་སོགས་པའི་སྡོམ་བརྩོན་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་གཙོར་མཛད་པའི་འདུས་པ་བཅུ་ཕྲག་གཉིས་ལས་ལྷག་ཙམ་ལ། རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་ཀྱི་འཁོར་ལོ་ལྔ་པ་བསྐོར། ལྕགས་ཁྱི་ལོར་བདག་ཅག་རྡོ་རྗེ་སློབ་མ་ཟུང་ལ་འཇམ་དཔལ་མཚན་བརྗོད་ཀྱི་ཁྲིད་ལུང་གནང༌། དགེ་བའི་བཤེས་གཉེན་མང་དུ་འདུས་པ་དེ་དག་ཐམས་ཅད་ཀྱི་བཞེད་པ་ཚུལ་བཞིན་དུ་སྐོང་སྟེ། སྒ་སྟོད་སྐྱེ་དགུ་དོན་གྲུབ་གླིང་དུ་ཆིབས་ཀྱི་ཁ་ལོ་སྒྱུར། ལམ་བར་གྱི་སྐྱེ་འགྲོ་གྲངས་མེད་པ་ལ་འབྲེལ་ཚད་དོན་ལྡན་གྱི་མཛད་པས་ཁྱབ་པར་གྱུར། ཆོས་སྡེ་དེ་ཉིད་དུ་རྗེ་ཉིད་བགྲང་གཞི་རེ་ལྔ་པ་ལྕགས་ཕག་ལོར། སློབ་ཚོགས་བཅུ་ཕྲག་བཞི་སྐོར་ལ། རྒྱུད་སྡེའི་སྤྱིའི་རྣམ་བཞག་དང༌། རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་གི་སྟེང་ནས་ཚུལ་བཞིའི་བཤད་པ་སྔོན་དུ་འགྲོ་བས། རྩ་བའི་རྒྱུད་བརྟག་པ་གཉིས་པར་རྗེ་སྟོབས་ཀྱི་མགོན་པོའི་མན་ངག་ལྟར་གསུང་བཤད་ཞིབ་རྒྱས་སྩལ་བས། དེ་དུས་འཁོར་གྱི་ཁྲོད་ནས་གཞན་ལ་འཆད་སྤེལ་ནུས་པ་བཀྲ་ཤིས་པའི་གྲངས་དང༌། གོ་རྟོགས་ཆགས་པའང་བཅུ་ཕྲག་ཙམ་བྱུང༌། ཆུ་བྱི་ལོར་འདུས་པ་སུམ་ཅུ་སྐོར་ལ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་རྩ་རྒྱུད་ཀྱི་གསུང་བཤད་རྒྱས་པ་སྩལ། དེ་དུས་འཁོར་གྱི་ནང་ནས་འཆད་སྤེལ་ནུས་པ་བཅུ་ཕྲག་ཙམ་དང༌། རྒྱུད་དོན་གོ་བ་ཆགས་པ་ཡར་ཟླའི་གྲངས་ལྡན་བྱུང་བར་གྲགས། ལྗགས་