[A:༣༢༡]ནོས། མཚུངས་མེད་མི་ཕམ་ཆོས་རྗེ་ལ་རྒྱུད་འགྲེལ་པ་དང་བཅས་པའི་གསལ་བྱེད་འབྲི་བ་ཡང་ཡང་བཀའ་ནན་ལྕི་བས་བསྐུལ་བའི་འགྲེལ་ཆེན་པདྨ་དཀར་པོའི་དགོངས་རྒྱན་འཁོར་འདས་དེ་ཉིད་སྟོན་པའི་སྒྲོན་མེ་རབ་ཏུ་གསལ་བ་ཞེས་བསྔགས་བརྗོད་ཀྱི་མཆོད་སྤྲིན་སྟོབས་པའི་ཡུལ་དུ་གྱུར་པ་དེའི་ཁྲིད་ལུང་ཉིན་གྲངས་ཡར་ཟླའི་གྲངས་ལ་མཛད། རབ་ཤིས་མི་རྗེའི་གདུང་སྲས་འཇམ་དབྱངས་ལུང་རིགས་སེང་གེ་ཞེས་མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་པར་མཐོ་བ་དེ་ཉིད་འཁོར་སློབ་དང་བཅས་པ་ལ། རྗེ་བཙུན་རྡོ་རྗེ་བཙུན་མོའི་བྱིན་རླབས་ཟབ་ཁྲིད་ཡན་ལག་དང་བཅས་པ་དང༌། ཐུགས་བཞེད་གང་མངའ་བ་ཐམས་ཅད་སྐོང༌། དེ་སྐབས་ཀྱི་མཁས་བཙུན་དགེ་བའི་བཤེས་གཉེན་གང་བྱོན་ཐམས་ཅད་ལ་བསྟན་པའི་དོན་ཡལ་བར་མི་འདོར་བ་ཅི་ནུས་གང་ལྕོག་སྒྲུབ་དགོས་པའི་བཀའ་ནན་གསེར་གྱི་གཉའ་ཤིང་ལྟར་ལྕི་བ་གནང༌། སྔར་གཤེགས་པའི་བླ་མ་དམ་པ་རྣམས་འོད་གསལ་དག་པའི་སྣང་ངོར་ཡང་ཡང་མཇལ་ཞིང༌། ཁྱད་པར་ཀུན་མཁྱེན་འཇམ་དབྱངས་བླ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་དང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པ་མཁན་ཆེན་བཀྲ་ཤིས་འོད་ཟེར་དགོངས་པ་རྫོགས་པའི་སྐབས་སུའང་དག་པའི་སྒྱུ་ལུས་མངོན་སུམ་བྱོན་ནས་ཡུན་རིང་ཙམ་བཞུགས་པ་དང་གསུང་གླེང་མཛད་ཅེས་གསུངས། ཕྱིར་མི་ལྡོག་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ་ཐུབ་བསྟན་ཆོས་ཀྱི་གྲགས་པ་ཞིང་ཁམས་བརྗེས་པའི་སྐབས་སུའང་དག་པའི་སྣང་ཆར་འགག་པ་མེད་པ་ཤར་ནས་གསུང་གླེང་