[A:༣༢༨]བུས་བུད་ཤིང་ཅུང་ཟད་ཙམ་ལས་མ་དགོས་པ་གྱུར། དེའི་ཚེ་ཁ་དོག་སྣ་ཚོགས་པའི་འཇའ་སྤྲིན་གྱིས་ཕྱོགས་ཀུན་ཏུ་གཏམས་ཤིང་ཁྱད་པར་གདུང་ཁང་གི་ཕྱི་རོལ་འཇའ་སྤྲིན་དཀར་པོས་དཀྲིས་ཏེ་ཡོལ་བས་བྲེས་པ་ལྟ་བུ་ཞིག་དང་ལྡན་འགའ་ཞིག་གིས་རྒྱང་ནས་བལྟས་ཚེ་མཐོང་ལ་དྲུང་ན་ལྷགས་ཚེ་མི་མཐོང་བར་གྱུར། ཞུགས་འབུལ་བྱས་ནས་ཞག་གསུམ་སོང་སྐབས། པུར་ཐལ་ཕུང་པོ་ཆུང་ངུ་ཞིག་ལས་མི་མངོན་པར་གྱུར། དོན་དེ་དག་ནི་རྗེ་ས་པཎ་གྱིས། ཡོན་ཏན་མེད་ལ་སྒྲོ་བཏགས་ནས། །སྐྱེ་བོ་ངན་རྣམས་ཡོན་ཏན་བསྒྲགས། །ཡོན་ཏན་ཅན་ཁྱོད་མཁས་རྣམས་ཀྱིས། །ཡོན་ཏན་བསྒྲགས་པ་ཁྱོད་ལ་འདུད། །ཅེས་གསུངས་པ་ལྟར། སྒྲོ་སྐུར་དང་བྲལ་བའི་མངོན་མཐོང་ངེས་ཤེས་ཅན་ཤ་སྟག་ལགས་སོ། །དེའི་དུས་སུ་དད་དང་དམ་ཚིག་རྣམ་པར་དཀར་བ་རྣམས་ནི་བླ་མ་དང་བྲལ་བའི་མྱ་ངན་གྱིས་གདུང་ཞིང་གསོལ་འདེབས་ཀྱི་སྒྲ་དབྱངས་འུར་ཆིལ་ལེར་གྱུར། བསྟན་པ་ལ་ལྷག་བསམ་མཆོག་དང་ལྡན་པ་དག་ནི་བསྟན་འགྲོའི་སྤྱི་དཔལ་མཚུངས་ཟླ་མེད་པ་དེ་ལྟ་བུ་མི་བཞུགས་པའི་དུས་ངན་འདི་འདྲར་ཤར་བ་ད་ནི་བསྟན་པ་སྤྱི་དང་བྱེ་བྲག་གནས་སྐབས་ཅི་འདྲ་ཞིག་ཏུ་འགྱུར་འགྲོ་ཞེས་ཡང་ཡང་གླེང༌། ཁ་ཅིག་ནི་བླ་མའི་ཕྱག་རྫས་ཁོ་ན་ལ་བསྐམ་ཆགས་དུང་དུང་གིས་ཐོབ་ཐབས་ལྷུར་ལེན་པའི་སྨྲ་བརྗོད་བྱེད། གཟུར་གནས་བློ་ལྡན་རྒྱུད་དག་པ་རྣམས་ཀྱིས་ནི། རྗེ་བཙུན་བླ་མའི་ཐུགས་བཞེད་དགེ་ལེགས་མི་ཟད་པ་འཇོ་བའི་བུམ་པ་བཟང་པོ་ལྟ་བུ་དེ། ད་དུང་ཡོངས་སུ་འགེངས་པའི་ཐབས་ཤིག་བྱུང་ན་ཨ་རེ་དགའ། དབང་