[A:༣༢༧]གསན་པར་མ་གནང་ཞིང༌། ཞལ་ནས། བདག་གི་གམ་དུ་ལོ་གྲངས་མང་པོར་གནས་བཅས་ནས། ཕྱི་མའི་ལྟད་མོར་མྱོང་སྐབས་སྡུག་བསྔལ་དྲག་པོས་ཡུན་རིང་མྱོང་བར་གྱུར་ན་མཆོག་ཏུ་སྙིང་རྗེ་བས། ད་ནི་བདག་རང་ཉིད་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་བྱ་བ་ལས། ཐབས་གཞན་ཡོད་པ་མ་ཡིན་པས་ཚེ་ཚད་མ་རྫོགས་ཀྱང་ད་ལན་མི་སྡོད་ངེས་ཅན་ཡིན་གསུང༌། ཡང་ནས་ཡང་དུ་ཞུས་ཀྱང་དེ་བཞིན་གསུང༌། ངོ་གདོང་མཆི་མས་སྦགས་པ་དག་ལ་འདི་སྐད་ཅེས། འདུས་པ་ཐམས་ཅད་འབྲལ། བསགས་པ་ཐམས་ཅད་ཟད། བརྩེགས་པ་ཐམས་ཅད་འགྱེལ། སྐྱེས་པ་ཐམས་ཅད་འགག་ཅེས་བྱ་བ་ཡིན་པས་ངེས་འབྱུང་གི་བློ་བསྐྱེད་པ་གལ་ཆེའོ་གསུངས། སྐུ་ལུས་ལ་སྒུལ་སྐྱོད་ཐུག་རེག་ཞག་ལྔའམ་བདུན་གྱི་བར་དུ་མ་བྱེད་ཅིག་གསུངས། དེ་ནས་གསུང་རྒྱུན་བཅད་དེ་ཐུགས་མཉམ་པར་བཞག་བཞིན་ཞལ་འཛུམ་མུལ་ལེ་ཉིན་གཉིས་ཙམ་བཞུགས། ཤིང་སྟག་ཧོར་ཟླ་གཉིས་པའི་གནམ་སྟོང་ལ། མཁའ་མཉམ་རྡུལ་བྲལ་ཞི་བ་ཆེན་པོའི་དབྱིངས་སུ་སྙོམས་པར་ཞུགས་ཏེ་གཟུགས་སྐུའི་བཀོད་པ་བརྟུལ་བའི་ཚུལ་བསྟན། དེའི་ཚེ་ནམ་མཁའི་དབྱིངས་ལ་འཇའ་འོད་ཀྱིས་གང༌། ས་གཞིའི་ཁྱོན་ལ་དྲི་ཞིམ་པོའི་ངད་ཀྱིས་ཁྱབ་པ་ནི་དེར་ཡོད་ཐམས་ཅད་ཀྱིས་མངོན་སུམ་དུ་གྱུར། ཉིན་ཞག་ལྔ་སོང་མཚམས་སྐུ་གདུང་རང་ཡལ་དུ་གྱུར་ཏེ་ཀ་ཊོ་ར་ཞིག་གི་ནང་བཞག་རྒྱུ་ཙམ་ལྷག་མ་ལུས་པའི་ཚེ། དེར་ཡོད་རྣམས་ཀྱིས་གྲོས་མཐུན་བྱས་ཏེ་མེ་མཆོད་ཕུལ་བས། མེ་རང་འབར་ལྟ་