R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༣༡
[A:༣༣༡]བཞེད་ཡོངས་སུ་བསྐང་བར་མཛད། བླ་མ་གཤེགས་ནས་དམ་ཚིག་མ་གཤེགས་པའི་རྡོ་རྗེའི་བུ་སློབ་གང་དག་མཆིས་པ་དེ་དག་གིས་བླ་མའི་དགོངས་རྫོགས་དང་བསྟན་རྒྱུན་ལ་གཅིག་ཏུ་བསམས་ནས་རྣམ་དཀར་ཕྲིན་ལས་ཀྱི་འཁོར་ལོའི་མཇུག་སྐྱོང་བ་མཐོང་ཐོས་སུ་གྱུར་པ་རྣམས་ལ་སོར་བཅུ་སྙིང་གར་ཟུམ་ནས་རབ་དགའི་སྨིན་མ་ཟིང་ངེ་བལྟ་ཞིང་མཆིས། ད་རུང་དེ་ལྟར་ཡང་ཡང་འབྱུང་བའི་རེ་སྨོན་ཤོར། རྣལ་འབྱོར་པ་དམ་ཆོས་བརྟན་པས་རྒྱུད་སྡེ་རབ་འབྱམས་ཀྱི་དཀྱིལ་འཁོར་རས་བྲིས་བཞེངས། སྒྲུབ་སྡེ་གསར་འཛུགས་གནང་ཞིང་ཐུགས་བཞེད་སྐོང༌། རྡོ་རྗེ་སློབ་མ་ཐམས་ཅད་ཀྱི་གྲལ་མཐར་འཁོད་པ་འན་བུས་ཀྱང༌། རྗེ་བླ་མའི་ཕྲིན་ལས་ཀྱི་ཆ་ཤས་ཕྲ་མོ་ཙམ་ལ་སྲིད་ཞུ་ཕུལ་ནུས་པ་ཞིག་བྱུང་ནས་བསྐལ་པ་རེ་བཟང་སྙམ་པ་འབའ་ཞིག་གྱུར། །སླར་སྨྲས་པ། ཡེ་ཤེས་སྐུ་ནི་མཁའ་ཁྱབ་འདུས་མ་བྱས། །མངོན་སུམ་མཇལ་བའི་སྐལ་པ་དམན་ན་ཡང༌། །གང་འདུལ་སྒྱུ་འཕྲུལ་འཆར་བའི་གཟུགས་ཀྱི་སྐུ། །མཐོང་བའི་བསོད་ནམས་དེ་ཡང་ད་ལྟར་ཟད། །རྟག་འཛིན་གདོན་གྱིས་སྙིང་ལ་གནས་བཅས་པས། །ཐར་པའི་ལམ་ལས་རྒྱང་རིང་བདག་འདྲ་ལ། །བཀའ་རྟགས་དང་པོ་མངོན་སུམ་སྟོན་པའི་སླད། །བརྩེ་བའི་ཕྱག་རྗེས་འཇོག་པ་མ་ཡིན་ནམ། །སེམས་ཅན་གཅིག་ཕྱིར་དམྱལ་བའི་མེ་དོང་ནང༌། །མཆོང་བཟོད་ཐུགས་རྗེའི་དབང་ཕྱུག་ཁྱེད་ལྟ་བུས། །དམུས་ལོང་ཐང་སྟོང་ལུས་འདྲའི་སྙིགས་འགྲོའི་ཚོགས། །ཡལ་བར་འདོར་བའི་གནས་སྐབས་ག་ལ་སྲིད། །ཚད་དང་བྲལ་བའི་བདེ་བར་གཤེགས་པ་ལ། །ཐུགས་རྗེའི་སྤྱོད་པ་འགག་པར་མི་འགྱུར་ཅེས། །