R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༣༢
[A:༣༣༢]ཚད་དུ་བཟུང་བ་རྣམས་ལ་ལེགས་འདོམས་པའི། །ལྷ་ཡི་རྔ་ཆེན་ལྡིར་འདིས་སྐྱོ་གྲོགས་བྱས། །མཁའ་དང་ལག་མཐིལ་མཉམ་པའི་དམ་པ་ལ། །སྟོང་གསུམ་ནོར་གྱིས་བཀང་ཡང་མཉེས་མི་བྱེད། །དམ་ཆོས་ཚིག་གཅིག་འཆད་དང་དོན་གཅིག་སྒྲུབ། །དགྱེས་བསྐྱེད་མཆོད་པ་ཀུན་གྱི་བླ་ན་འཕགས། །གང་ཕྱིར་རྗེས་འཇུག་གདུལ་བྱར་གཏོགས་པ་རྣམས། །དད་བརྩོན་ཤེས་རབ་དངོས་པོ་ཅི་མཆིས་པ། །རྒྱུད་སྡེ་རྣམ་བཞིའི་མདོག་བཟང་ཕུང་པོར་གྱུར། །བཀའ་དྲིན་གསབ་པའི་མཆོད་ཚོགས་འབུལ་བར་རིགས། །རབ་མཛེས་པཎྜ་རཱི་ཀའི་ལང་ཚོ་ལ། །རབ་དཀར་བདུད་རྩིའི་ཐེག་ལེས་སྤུད་པ་ལྟར། །རབ་མཆོག་ཆོས་ཀྱི་མཛོད་ཁང་ཆེན་པོ་ལ། །རབ་གསལ་ཕྲིན་ལས་རྒྱ་མཚོའི་དཔལ་གྱིས་སྤྲས། །བླ་མའི་ཡོན་ཏན་ཆ་ཙམ་བརྗོད་པ་འདི། །མ་ལ་ཡ་ཡི་ཤིང་དུམ་ཕལ་པ་ལའང༌། །འཇིག་རྟེན་འདི་ན་རིན་ཐང་ཆེ་བ་ལྟར། །བསྟན་ལ་དགའ་རྣམས་གཅེས་སྤྲས་ཅི་མི་ཆེ། །བསླུ་མེད་མཁའ་ནས་འགོག་མེད་ཤར་བ་ཡི། །བྱིན་རླབས་ཉི་གཞོན་ཁུ་བཅུད་འཐུང་བཟོད་པའི། །དད་ལྡན་པདྨོ་གཞོན་ནུ་འགའ་མཆིས་ན། །དངོས་གྲུབ་སྦྲང་རྩི་འཇོ་བ་གདོན་མི་ཟ། །དེ་ཕྱིར་སྟོན་མཆོག་བླ་མའི་རྣམ་ཐར་དང༌། །བསྟན་འཛིན་སློབ་མའི་ལྷག་བསམ་ལྷན་ཅིག་ཏུ། །འགྲོགས་པའི་དགེ་མཚན་སྲིད་ན་འབྱུང་དུ་རེ། །དམན་བུ་བདག་འདྲས་སོར་མོའི་རོལ་རྩེད་རྩེས། །བཀའ་དྲིན་དྲན་ནོ་དྲིན་ཆེན་ཆོས་ཀྱི་རྗེ། །ཡེ་ཤེས་གཟིགས་པས་ཉེ་བར་འཚོ་བར་