[A:༡༠༣]རྒྱུད་ལ་འཁྲུངས་ཤིང༌། སྔ་མ་ལ་ནི་བསམས་ན་ཤེས་པའི་མངོན་ཤེས་ཀྱང་མངའ་ཞེས་ཐོས་སོ།།
༈ གཉིས་པ་ཞར་བྱུང་ལམ་སྐོར་དགུ་ཇི་ལྟར་མཛད་ཅིང་གསན་པའི་ཚུལ་ནི། སྤྱིར་བླ་མ་འབྲོག་མི་འདི་ལ་མན་ངག་བསམ་གྱིས་མི་ཁྱབ་པ་མངའ་ཡང༌། གཙིགས་ཆེ་ཞིང་ཡོངས་སུ་གྲགས་པ་ལམ་སྐོར་དགུ་ཡིན་པ་ལས། དེ་དག་སློབ་དཔོན་གང་གིས་བརྒྱུད། གང་ལ་བརྟེན་ནས་མཛད། བླ་མ་འབྲོག་མིས་སློབ་དཔོན་གང་ལས་གསན་སྙམ་ན། རྣལ་འབྱོར་དབང་ཕྱུག་གིས་ཐབས་ཀྱི་རྒྱུད་ཀྱེ་རྡོ་རྗེ། བདེ་མཆོག །གདན་བཞི། མ་ཧཱ་མཱ་ཡཱ། སསྤུ་ཊི་ལ་སོགས་པ་ལ་བརྟེན་ནས་རྡོ་རྗེ་བདག་མེད་མའི་བཀའ་བཞིན་དུ་ལམ་འབྲས་བུ་དང་བཅས་པས་ལམ་ཡོངས་སུ་རྫོགས་པའི་མན་ངག་གསལ་བར་མཛད། པདྨ་བཛྲས་བརྟག་གཉིས་ལ་བརྟེན་ནས་སྒྲུབ་ཐབས་མཚོ་སྐྱེས་བརྩམས། དེའི་མན་ངག་ཧེ་རུ་ཀའི་བསྐྱེད་པའི་རིམ་པ་ཟབ་པའི་ཚུལ་དགུ། ཟབ་པ་བསྙེན་སྒྲུབ་བཞིའི་ཆོ་གའི་ཡན་ལག་ཆ་དབྲི་བ་དང་བཅས་པ་མཛད། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསང་འདུས་མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་བྱ་བ་ལ་བརྟེན་ནས་བྱང་ཆུབ་སེམས་འགྲེལ་བརྩམས། དེའི་དོན་མཆོད་རྟེན་དྲུང་དུ་སེམས་ཐག་གཅད་པ་མཛད། ཌོམྦི་ཧེ་རུ་ཀས་ལྷན་ཅིག་སྐྱེས་གྲུབ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པ་གསུམ་གྱི་ལམ་རྫོགས་པ་མཛད། ཨིནྡྲ་བོ་དྷིས་དབང་ཡོན་ཏན་རིམ་པ་ལ་བརྟེན་ནས་ཕྱག་རྒྱའི་ལམ་རྫོགས་པ་མཛད། ཏོག་རྩེ་པས་བསམ་མི་ཁྱབ་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པ་ལྔས་ལམ་རྫོགས་པ་མཛད། ནག་པོ་པས་ཨོ་ལ་པ་ཏི་ལ་བརྟེན་ནས་གཏུམ་མོ་ལམ་རྫོགས་དང༌། གསང་འདུས་ལ་བརྟེན་ནས་ཡོན་པོ་བསྲང་བ་མཛད། སློབ་དཔོན་ངག་