R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༠༤
[A:༡༠༤]དབང་གྲགས་པས་བདུད་རྩི་འོད་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པར་མཛད། དེས་ན་མཛད་མཁན་བརྒྱད་ཀྱིས་མཛད་པའི་གདམས་ངག་དགུ་ལ་ལམ་སྐོར་དགུར་གྲགས་སོ། །དེ་རྣམས་ལས་ལམ་འབྲསཔདྨའི་ལམམཆོད་རྟེན་དྲུང་ཐོབགཏུམ་མོ་ལམ་རྫོགསཡོན་པོ་བསྲང་བ་རྣམས་རྗེ་ག་ཡ་དྷ་ར་ལས་དང༌། དགེ་སློང་དཔའ་བོ་རྡོ་རྗེ་ལས་རྒྱ་གར་ཤར་ཕྱོགས་དང༌། བོད་དུ་ག་ཡ་དྷ་ར་ལས་བསམ་མི་ཁྱབ་དང༌། ཡི་གེ་མེད་པཨ་མོ་གྷ་བཛྲ་ལས་བོད་དུ་དང༌། ཨིནྡྲ་བྷོ་དྷིས་ལམ་དང༌། ལྷན་ཅིག་སྐྱེས་གྲུབཤེས་རབ་གསང་བ་ལས་བོད་དུ་འབྲོག་མིས་གསན་ནོ།།
༈ གཉིས་པ་རྒྱ་གར་བའི་ལོ་རྒྱུས་ལ་གཉིས། དངོས་དང༌། ལམ་གྱི་རྣམ་གཞག་གོ །དང་པོ་ནི། འོ་ན་གསུང་ངག་འདི་གསལ་བར་མཛད་པ་པོ་རྣལ་འབྱོར་དབང་ཕྱུག་ལ་ཡོན་ཏན་གྱི་ཁྱད་པར་ནི་ཇི་ལྟ་བུ་མངའ། དེ་ལས་ཇི་ལྟར་བརྒྱུད་སྙམ་ན། འདིའི་ལོ་རྒྱུས་ནི། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཞེས་བྱ་བ་འདི་རྒྱལ་རིགས་རྒྱལ་སྲིད་སྤངས་པ་ཞིག་ཡིན་པ་ལ། དཔལ་ན་ལེནྡྲ་ན་སྤྱིར་སྡེ་པ་བཞི་ཀ་ཡོད་པ་ལ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་མཁན་པོ་དྷརྨ་མི་ཏྲ་ཞེས་བྱ་བའམ། རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ། མཚན་ཤྲཱི་དྷརྨ་པཱ་ལ་ཞེས་བྱ་བར་བཏགས། མཁན་པོ་དེ་ཉིད་ཀྱིས་འཁོར་ལོ་བདེ་མཆོག་གི་གདམས་ངག་ཀྱང་གནང༌། སྤྱིར་ཡང་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པར་གྱུར་ཏོ། །དེ་ནས་མཁན་པོ་དེ་འདས་པ་དང༌། དཔལ་ན་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་ཐམས་ཅད་ཀྱི་མཁན་པོ་ཆེན་པོར་གྱུར་ཏོ། །དེ་ལྟར་གྱུར་ཀྱང་རང་ཉིད་ཀྱི་སྒྲུབ་པ་ནི་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པ་