[A:༡༠༧]རྔ་བརྡུངས་མཁར་རྔ་བརྡུངས་ནས་ནི། །དགེ་འདུན་གནས་ནས་དབྱུང་བར་བྱས། །བདག་གི་དྲི་མེད་ཟླ་འདྲའི་སེམས། དགེ་འདུན་རྣམས་ཀྱིས་རྟོགས་པར་དཀའ། །འཛག་པའི་དབང་པོ་བཀག་ནས་འཇིགས་པར་བྱེད། །བིརྺ་ཆང་འཐུང་ཉི་མ་གཏེའུ་མར་འཛུད། །ཨུཏྤལ་བླངས་ནས་ཆུ་ཡིས་མ་གོས་པ། །དེས་ན་བིརྺ་རིག་པ་མང་པོ་ཅན། །ཞེས་གླུ་བླངས་སོ། །དེ་ལ་ཁང་པའི་སྟེང་འཁར་རྔ་བརྡུངས་ན་ཕྱིར་འོང་དུ་མི་གཞུག །པ་ཏྲ་ཧ་སྟེ་རྫ་རྔ་ཁ་བཞི་པ་བརྡུངས་ནས་འོང་དུ་ཡོད་པ་ལ་གཉིས་ཀ་བརྡུངས་པས། དེར་མ་བཞུགས་པར་གཤེགས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བྱ་བའི་ཕྱིར་དང༌། འཇིག་རྟེན་པ་གཞན་རྣམས་མི་མོས་པ་བཟློག་པར་བྱ་བའི་ཕྱིར་དང༌། བདག་ཉིད་ངན་པར་ཁས་བླངས་ནས་ངན་པའི་རྟགས་འདོན་པའི་ཕྱིར། ཝཱ་རཱ་ཎ་སཱིར་འགྲོ་བའི་ལམ་ཆུ་བོ་གངྒཱའི་དྲུང་དུ་བྱོན་ནས། ང་ངན་པ་ཡིན་པས་ཆུ་ལ་རེག་ཏུ་མི་བཏུབ་པས། ཆུ་བོ་ཁྱོད་ཀྱིས་ལམ་བྱིན་ཅིག །ཅེས་བརྗོད་པས་ཆུ་མར་སོང་བ་དང་ཡར་ལོག་པའི་མཚམས་སུ་ལམ་དུ་ཆུ་མེད་པ་ཞིག་བྱུང་ངོ༌། །དེའི་ཚེ། གངྒཱ་བཀག་ནས་རྒྱུན་ལས་ལྡོག་སྟེ་དབབ། །ཨུཏྤལ་བཏོན་ནས་ཆུ་ཡིས་མ་གོས་པ། །དྲི་མེད་སེམས་ནི་ཟབ་མོ་རྟོགས་པར་དཀའ། །དེས་ན་བིརྺ་རིག་པ་བཟང་པོ་ཅན། །ཞེས་པའི་གླུ་བླངས་པས། དགེ་འདུན་རྣམས་ཀྱིས་མཁན་པོས་གྲུབ་པ་ཐོབ་པར་ཤེས་ནས། ཞབས་ལ་འཇུས་ཏེ་བཟོད་པར་གསོལ་བ་དང༌། བཞུགས་པར་ཞུས་པས་བཟོད་པར་གནང༌། བཞུགས་པར་མ་གནང་བར་ཝཱ་ར་ཎ་སཱིའི་རྒྱལ་པོ་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། ནགས་གསེབ་ཏུ་གོས་ལ་སོགས་པ་དང་བྲལ་བར་ལོ་གཅིག་ཙམ་བཞུགས་པས། ལུས་ཉི་ལྷགས་ཀྱིས་གདུངས་ནས་སྐུ་གཟུགས་སྔོ་སྐྱ་