[A:༡༠༦]མ་བརྒྱན་པས། དེར་ངོ་མ་ཤེས་པར། ད་ལེགས་པར་རྟོགས་པས་གདམས་ངག་གི་སརྒ་མ་ལོག་པ་སྟེ། ད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྟོགས་པ་མཉམ་པའི་ངེས་ཤེས་ཁྱད་པར་ཅན་སྐྱེས་པས་མོས་གུས་ཀྱིས་བསམ་པ་ཚིམ་པར་ནུས་པ་སྟེ་སྙན་བརྒྱུད་བཞིས་བྱིན་གྱིས་བརླབས་ཤིང་སྙན་བརྒྱུད་བཞིས་གདམས་སོ། །དེ་ལྟར་རྟོགས་པ་དེ་བསྐྱང་ཞིང་རང་གི་བྲང་ཁང་ན་བཞུགས་པ་ལ། དུས་ཁྱད་པར་ཅན་གྱི་མཆོད་པའི་ཡོ་བྱད་ཤ་ཆང་ཁྱེར་ཏེ་འགྲོ་བ་མཐོང་ནས། སྒོ་གསིང་ནས་ཡར་བལྟས་པས་ལ་ལས་བུད་མེད་བཅོ་ལྔ་དང་ལྷན་ཅིག་གནས་པ་མཐོང༌། ལ་ལས་བརྒྱད་དང་ལྷན་ཅིག་གནས་པ་མཐོང༌། འགའ་ཞིག་གིས་མར་མེ་འབར་བ་བཅོ་ལྔ་མཐོང༌། ལ་ལས་མར་མེ་བརྒྱད་དང་ལྷན་ཅིག་གནས་པར་མཐོང་སྟེ་ཀུན་ཐེ་ཚོམ་དུ་གྱུར་ཏོ། །དེ་ལྟར་གྱུར་ཀྱང་ཀུན་གྱི་མཁན་པོ་ཆེན་པོ་ཡིན་པས་གླེང་བ་དང་དབྱུང་བར་མ་ནུས་སོ། །དེའི་ཚེ་བསྟན་པ་ལ་གནོད་པའི་ཉེས་པ་སྤང་བའི་དོན་དང༌། བདག་ཉིད་ངན་པར་ཁས་བླང་བར་བཞེད་ནས་རང་གི་བྲང་ཁང་ནས་མཐོན་ནས། ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ་དཀོན་མཆོག་གི་སྤྱན་སྔར་མཆོད་པར་ཕུལ་ཏེ། གཅེར་བུ་ཨ་མེ་བིརྺ་པ་ཞེས་བརྗོད་ཅིང་གྲོང་ཁྱེར་གྱི་ཧ་དེར་བྱོན། མེ་ཏོག་འཚོང་བ་རྣམས་ལས་བླངས་ནས་ཕྲེང་བར་བརྒྱུས་ཏེ་མགོ་ལ་བཏགས། ལ་ཕུག་འཚོང་བ་རྣམས་ལས་བླངས་ཤིང་ལ་ལ་ཞལ་དུ་བཅུག །ལ་ལ་ཕྱག་ཏུ་ཚགས་བྱས་སོ། །དེ་ནས་ཆང་འཚོང་མ་དང་སྨད་འཚོང་མའི་ཁྱིམ་དུའང་བྱོན་པར་གྱུར་ཏོ། །མི་ཐམས་ཅད་ཧ་ལས་པར་གྱུར་ནས་རྔ་དང་མཁར་རྔ་བརྡུངས་ཏེ་གནས་ནས་དབྱུང་ཞིང་སླར་འོང་དུ་མི་གཞུག་པའི་ནང་ཁྲིམས་བཅས་སོ། །དེའི་ཚེ། ཀྱེ་མ་དགེ་འདུན་བཟང་པོ་རྣམས། །བདག་གིས་བདག་ཉིད་ངན་པར་བྱས། །