[A:༡༡༣]གིས་ཁུག་བྱས་པས། ཁོང་གིས་བོས་པས་སྐད་མེད་དེ། མཛུབ་གུ་སུག་སུག་བྱས་པའི་ཤུལ་ན་ཚུར་དབུགས་ངན་སྭ་སྭ། དྲི་ཆེན་འབུར་འབུར་བྱུང་བས་རུལ་ནས་འདུག་ཟེར་ནས་ལོག་པ་དང༌། ཏྲི་ཤཱུ་ལ་འདར་ཡེད་ཡེད་འདུག་པ་ལ། སློབ་དཔོན་གྱིས་ཐལ་མོ་བརྡབས་པས་ཕྱེ་མར་སིལ་སོང༌། དེ་ནས་ལྷ་མོ་ཙཎྜི་ཀའི་སྐུ་དེ་སར་སར་འདུག་པ་ལ། སྤྱི་བོར་ཐལ་མོ་ཞིག་བརྒྱབས་ཏེ་མགོ་བོ་སྙིང་གའི་བར་དུ་བྱིང་སོང་བ་རྣ་བ་ནས་བཟུང༌། སྤྱི་བོ་ནས་མནན་ཏེ་མཆོད་རྟེན་ཞིག་བཞག་པས། རྣ་བ་ཀེ་རེ་ཡོད་སྐད། མིང་ཡང་རྣ་འཆུས་ལྷ་མོ་ཟེར། དེར་རྣལ་འབྱོར་མ་ཐམས་ཅད་བརྒྱལ་བར་གྱུར་ཏོ། །བརྒྱལ་བ་སངས་པ་དང༌། རྣལ་འབྱོར་མ་རྣམས་ན་རེ། ཁྱེད་ནང་པ་སངས་རྒྱས་པ་སྙིང་རྗེ་ཆེ་བ་ཡིན་ན་འདི་ལྟ་བུ་བྱེད་པ་ཟེར་བ་ལ། དེ་ཉིད་ཀྱི་ཕྱིར་སེམས་ཅན་བསད་པའི་ཤ་ཁྲག་དྲོན་མོ་ལ་མཆོད་པ་མ་བྱེད་བྱས་པས། དེ་རྣམས་ཀྱིས་སློབ་དཔོན་གྱི་ཞབས་ལ་ཕྱག་བཙལ་ཞིང་སྐྱབས་སུ་སོང་ནས་སངས་རྒྱས་པའི་རྣལ་འབྱོར་མར་གྱུར་ཏོ། །དེའི་ཚོ་ཀོ་མཁན་ཕྱིར་འབྲངས་པ་དེའི་རྒྱུད་བྱིན་གྱིས་བརླབས་ཤིང་གདམས་ངག་རྫོགས་པར་བསྟན་པས་བདག་དང་ནུས་པ་མཉམ་པར་གྱུར་པ་ནི་ཌོམྦི་པ་ཡིན་ནོ། །དེ་ཉིད་ཤར་ཕྱོགས་ཀྱི་རྒྱལ་པོ་བྷི་མེ་ཧ་ར་འདུལ་དུ་བཏང་བས་སྟག་ལ་ཞོན་ནས་ཤར་ཕྱོགས་སུ་སོང་ངོ༌། །དེའི་ཚེ་གྲུབ་ཐོབ་ཆེན་པོ་ནུས་པ་མཐར་ཐུག་པར་གྲགས་སོ། །དེ་ནས་ལྷོ་ཕྱོགས་ནས་འོང་བའི་རལ་པ་ཅན་ཕྱིར་འབྲངས་པ་དེ་དང༌། དཔོན་གཡོག་གཉིས་ཀྱིས་ཁར་ས་པཱ་ཎིར་བྱོན་ནས་བསྐོར་བ་མཛད། དང་པོ་རབ་ཏུ་བྱུང་བ་ནས་བཟུང་སྟེ། ས་ར་ཧ་ཛ་དེ་ཝཱི་བཏུལ་བའི་བར་དུ་ངས་བསྟན་པ་ལ་བྱ་བ་འདི་ལྟ་བུ་བྱས་ཞེས་ཐུགས་རྗེ་ཆེན་པོའི་སྤྱན་སྔར་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པའི་