R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༡༤
[A:༡༡༤]རྟོགས་པ་ཕུལ་བས། རིགས་ཀྱི་བུ་ཁྱོད་ཀྱི་ནུས་པས་ནི་རི་རབ་ཀྱང་ཐལ་བར་བརླག་ནུས་ཏེ། སེམས་ཅན་ལས་སྣ་ཚོགས་ལ་སྤྱོད་པ་ཡིན་པས་སངས་རྒྱས་ཀྱིས་ཀྱང་གདུལ་དཀའ་བ་ཡིན་པའི་ཕྱིར། ཁྱོད་ཀྱིས་སེམས་ཅན་ལ་གནོད་པ་འདི་ལྟ་བུ་མ་བྱེད་པར་སྙིང་རྗེ་ཆེན་པོ་སྐྱེད་ཅིག་གསུངས་སོ། །དེ་ནས་སློབ་དཔོན་གྱིས་གཞན་མི་བྱེད་པར་ནུབ་ཕྱོགས་སཽ་བ་ནཱ་ཐ་ན་རྡོ་ལ་རང་བྱུང་དབང་ཕྱུག་གི་ལིངྒ་ཡོད་དེ། དུས་རེ་ལ་ར་དང་མ་ཧེ་སྟོང་ཕྲག་རེ་བསད་ནས་མཆོད་པར་བྱེད། སེམས་ཅན་དེ་རྣམས་ཀྱི་སྲོག་བསྐྱབ་པའི་ཕྱིར་དེ་འདུལ། དེ་ནས་ཐུགས་རྗེ་ཆེན་པོའི་བཀའ་བཞིན་བགྱིད་དོ་ཞེས་བརྗོད་པས། འོ་ན་རྟེན་མ་བཤིག་པར་ཐབས་ལ་མཁས་པས་ཐུལ་ཞིག་གསུངས་པས། དཔོན་སློབ་གཉིས་ཀྱིས་སངས་རྒྱས་པའི་རྟེན་མང་པོ་ལ་ཕྱག་དང་བསྐོར་བ་མང་པོ་མཛད་ནས་ནུབ་ཕྱོགས་སུ་བྱོན་པ་དང༌། དབང་ཕྱུག་གིས་སློབ་དཔོན་འབྱོན་པར་ཤེས་ཏེ། བྲམ་ཟེ་གཉིས་ཀྲིཥྞ་ས་རའི་པགས་པས་སྨད་དཀྲིས། ཚངས་རྟགས་ཀུ་ཤ་རྣ་བའི་སྟེང་དུ་གཟེར་ནས་སྔོན་བསུ་རུ་འོང་བ་དང་འཕྲད་དོ། །དེ་ནས་བྲམ་ཟེ་གཉིས་ཀྱིས་ཤེས་བཞིན་དུ་མི་ཤེས་པ་སྐད་དུ་བྱས། ལམ་བཀག་ནས་རྣལ་འབྱོར་པ་གར་འགྲོ་ཟེར། སཽ་བ་ནཱ་ཐ་རློག་པར་བྱེད་དུ་འགྲོ་གསུངས་པས། ཁྱེད་ནང་པ་སངས་རྒྱས་པ་སྙིང་རྗེ་ཆེ་བ་ཡིན་ན་གནོད་པ་བྱས་ནས་ཅི་བྱེད་ཟེར། དེ་ཉིད་ཀྱི་ཕྱིར་འགྲོ་བ་ཡིན་ཏེ། དེ་ལ་དུས་རེ་ལ་མ་ཧེ་སྟོང་ཕྲག་ཙམ་གསོད་པས། དེ་དག་གི་སྲོག་བསྐྱབ་པའི་ཕྱིར་ཏེ་རློག་པར་བྱེད་པ་ཡིན་ནོ་ཞེས་གསུངས་པས། དེ་འཇིག་རྟེན་པའི་ལྷ་ཤིན་ཏུ་ཆེ་བ་ཡིན་ན། དེ་ལྟར་ཅུང་ནུས་སམ་ཟེར་བ་ལ་དེ་མངོན་དུ་འགྱུར་གྱི། གསུངས་པས། དེ་ཤར་ལུས་འཕགས་པོར་སོང་ནས་མེད་ཟེར། ད་གླིང་