R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༡༥
[A:༡༡༥]བཞི་གང་དུ་སོང་ཡང་རུང༌། ཚངས་པའི་འཇིག་རྟེན་དུ་སོང་ཡང་ཁོ་བོ་འགྲོ་སྟེ་དེ་རློག་པར་བྱེད་དོ་གསུངས་སོ། །དེ་ནས་རང་གཟུགས་བསྟན་ཏེ་སློབ་དཔོན་གྱི་ཞབས་ལ་ཕྱག་བཙལ་ནས། དེ་བདག་ཡིན་པས་ཁྱེད་ཀྱིས་གསུངས་པ་བཞིན་བདག་གིས་བགྱིད་དོ་ཟེར་རོ། །སློབ་དཔོན་གྱིས་འོ་ན་དང་པོར་སངས་རྒྱས་པའི་སྐུ་བཞུགས་པའི་ལྷ་ཁང་གཅིག་བཞེངས། དེའི་སྒོ་གོང་དུ་ངའི་གཟུགས་ཤིག་བྱས། དེར་དགེ་འདུན་གྱི་སྡེ་བཙུགས་ནས་དགེ་འདུན་བརྒྱ་ཕྲག་གཅིག་གི་འཚོ་བ་སྦྱོར། མཆོད་པ་བྱེད་པའི་དུས་སུ་དང་པོ་སངས་རྒྱས་པའི་རྟེན་ལ་མཆོད། དེ་ནས་ངའི་གཟུགས་ལ་མཆོད་པ་བྱས་ཏེ། དེ་ནས་ཁྱོད་རང་གི་ལྷ་རྟེན་ལ་མ་ཧེ་ལ་སོགས་པ་མི་གསོད་པར་འབྲས་ཆན་དང་ཁུར་བ་ལ་སོགས་པའི་མཆོད་པས་ཚིམ་པར་བྱེད་ན་ཁྱོད་བརླག་པར་མི་བྱེད། དེ་ལྟར་མི་བྱེད་ན་བརླག་པར་བྱེད་གསུངས་པས། ཁོ་ན་རེ། སངས་རྒྱས་ཀྱི་བསྟན་པ་འགྲིབས་ཤིང་ཉམས་དམས་ནས་འགྲོ་བས་ད་ལྟ་དགེ་འདུན་གྱི་སྡེ་བཙུགས་ཀྱང་མྱུར་དུ་ཞིག་ནས་འགྲོ་བས་མཆོད་མཁན་མི་འོང༌། ང་ལ་མཆོད་པ་བྱེད་པ་མང་པོ་འོང་བས་དེའི་ཕྱེད་སློབ་དཔོན་ལ་འབུལ། བསྟན་པ་གནས་ཀྱི་བར་དུ་ངའི་འདིར་བཞུགས་ནས་མཆོད་གནས་མཛད་དགོས་ཟེར་བས། སློབ་དཔོན་གྱིས་དེ་ལྟར་ཞལ་གྱིས་བཞེས་ཏེ་བཞུགས། ཁོས་དགེ་འདུན་གྱི་སྡེ་བཙུགས། སློབ་དཔོན་གྱི་སྐུ་བཞེངས། ཕྱི་པ་ཐམས་ཅད་ཀྱི་དང་པོར་ནང་པའི་རྟེན། དེ་ནས་སློབ་དཔོན་ལ་མཆོད་པར་བྱེད། དེ་ནས་དབང་ཕྱུག་ལ་མཆོད་པར་བྱེད་དེ། དེ་ནས་སློབ་མ་རལ་པ་ཅན་ཕྱིར་འབྲངས་པ་དེ་བདག་ཉིད་དང་རྟོགས་པ་ཅུང་ཟད་མི་མཉམ་པ་མཉམ་པར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཚིག་རྐང་གནང་སྟེ། ཤར་ཕྱོགས་སུ་སོང་ལ་རྡོ་རྗེ་ཐེག་