[A:༡༡༩]པའི་འདུ་འཕྲོ་བྱེད་པས། སེམས་ཀྱིས་རླུང་ཟིན། སེམས་གནས། དེས་རྣམ་རྟོག་འཕྲོ་འདུ་ཐམས་ཅད་འགགས་པས་རླུང་བསྒོམ་པ་གནད་དུ་ཆེ་བར་བཞེད་དེ། གསང་འདུས་རིམ་ལྔ་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་གསུངས་སོ། །སློབ་དཔོན་ས་ར་ཧའི་དོ་ཧ་ལས། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌། །འགྲོ་རྣམས་སྡུག་བསྔལ་འབའ་ཞིག་སྐྱེད་པར་བྱེད། །ཅེས་དང༌། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །དེ་ཡང་ཤེས་ན་ཐམས་ཅད་གྲོལ་བར་འགྱུར། །ཞེས་པ་ལ་སོགས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་ཏོག་རྩེ་པས། འཁོར་བའི་སྡུག་བསྔལ་གྱི་རྩ་བ་དངོས་པོ་ལ་མངོན་པར་ཞེན་པའི་རྣམ་རྟོག་ཡིན། དེའི་གཉེན་པོར་དེ་ཁོ་ན་ཉིད་ཀྱི་དོན་ཕྱག་རྒྱ་ཆེན་པོ་བསྒོམ་པ་གནད་དུ་ཆེ་བར་བཞེད་དོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ཞལ་ནས། འཁོར་བའི་རང་བཞིན་རྒྱུ་རྣམ་རྟོག་དང༌། འབྲས་བུ་དུཿཁ་ཡིན་ཏེ། དེའི་གཉེན་པོར་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ཏིང་ངེ་འཛིན་འདི་དགོས། དེ་ལ་སེམས་ཅན་གྱི་རྒྱུད་ལ་འབད་རྩོལ་བྱས་ཀྱང་བླ་མའི་བྱིན་རླབས་མེད་ན་སེམས་ལ་ཟག་མེད་ཀྱི་ཏིང་ངེ་འཛིན་མི་སྐྱེ་བས་སངས་རྒྱས་ཀྱི་ཡེ་ཤེས་མི་འཇུག །བླ་མ་དང་མཁའ་འགྲོའི་བྱིན་རླབས་ཞུགས་ན་ཏིང་ངེ་འཛིན་སྐྱེ་བས་བླ་མའི་བྱིན་རླབས་གནད་དུ་ཆེ་བར་བཞེད་དེ། བདེ་མཆོག་རིམ་ལྔ་ལས། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །འཁོར་ལོ་སྡོམ་པར་སྦས་པ་ཡིས། །བྱིན་རླབས་རིམ་པ་བཤད་པར་བྱ། །ཞེས་