R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༣
[A:༡༣]པ་མི་འགལ་ཏེ། བོད་དུ་ཆོས་ཇི་ལྟར་བྱུང་བ་ལ་འཕྲོས་ནས་བོད་དང༌། དེའི་བརྒྱུད་པ་གང་ལས་འདེད་སྙམ་ན་རྒྱ་གར་གྱི་བླ་མ་འདི་དང་འདི་ལས་བརྒྱུད་ཅེས་པ་ལས་འཕྲོས་ནས། རྒྱ་གར་བའི་བླ་མ་རྣམས་ཀྱི་ལོ་རྒྱུས་འབྱུང་བས་ཤིན་ཏུའང་འབྲེལ་གསུངས་སོ། །འོ་ན་གསུང་ངག་འདི་བོད་དུ་དུས་ནམ་གྱི་ཚེ་བླ་མ་སུ་ལས་བརྒྱུད་དེ། བླ་མ་གང་གིས་འཕེལ་ཞིང་རྒྱས་པར་མཛད་སྙམ་ན། བསྟན་པ་ཕྱི་དར་གྱི་དུས་སུ་སྔོན་གྱི་རྒྱལ་བློན་གྱིས་ལྷ་ས་བཞེངས་པའི་དུས་སུ་རུ་གནོན་དུ་བརྩིགས་པའི་གཡས་རུ་ན་གཙང་འགྲམརུ་ལག་ན་གྲམ་པ་རྒྱང༌། གཡོན་རུ་ན་ཁྲ་འབྲུགདབུ་རུ་ན་བཀའ་ཚལ་ཏེ། གཙུག་ལག་ཁང་བཞི་ཡོད་པའི་ཆོས་འཁོར་གྲམ་པ་རྒྱང་ཞེས་གྲགས་པ་དེ་སྨད་ཀྱི་བཙད་པོ་ལྡེ་གསུམ་གྱིས་བདག་མཛད་ནས་ཡོད་པ་ལ། དེའི་ཚེ་ལྷ་རྩེའི་ལྷ་བཙུན་མཚེད་གསུམ་བཀའ་བགྲོས་ཏེ། འོ་ཅག་ལ་བླ་བའི་མཆོད་གནས་ཤིག་དགོས་པར་འདུག་ཟེར་ནས། རྒྱན་གོང་དུ་ལོ་སྟོན་དང་ཚོང་བཙུན་གཉིས་ལ་ཞུས་ནས་ལོ་སྟོན་གྱིས་མཁན་བུ་ཤཱཀྱ་གཞོན་ནུ་དང༌། སེ་ཡེ་ཤེས་བརྩོན་འགྲུས་གཉིས་གདན་དྲངས་ནས་གྲམ་པ་རྒྱང་དུ་རྒྱས་མཁན་པོ། སེས་སློབ་དཔོན་མཛད་ནས་སྤྱིར་རབ་ཏུ་བྱུང་བ་མང་པོ་མཛད། ཁྱད་པར་དུ་གདུང་འབྲོག་ཡུལ་དྲིལ་ཆེན་ཆུ་སྡེ་བ། དེ་ལ་སྐྱ་ཚོ་དང་བན་ཚོ་བ་གཉིས་ཡོད་པའི་སྐྱ་ཚོ་བ་མཚན་ཡང་མཁན་སློབ་ཀྱི་མཚན་ལས་དྲས་ཏེ་བཏགས་པའི་འབྲོག་མི་ཤཱཀྱ་ཡེ་ཤེས་དང༌། སྟག་ཚོ་གཞོན་ནུ་ཚུལ་ཁྲིམས་གཉིས་རབ་ཏུ་བྱུང་སྟེ་གསན་སྦྱོང་མཛད་དུ་བཅུག་གོ །དེའི་ཚེ་མཁན་སློབ་གཉིས་ལ་མཁན་བུ་མང་པོ་ཡོད་པས་ཐམས་ཅད་བསགས་ནས་རྒྱ་གར་དུ་ཆོས་སློབ་ཏུ་འགྲོ་ནུས་པ་ཡོད་ན། ངས་གསེར་མང་པོ་བསྐུར་ནས་བརྫང་ངོ་ཞེས་གསུངས་པས་གཞན་འགྲོ་ཟེར་བ་