[A:༡༤]མ་བྱུང༌། མཁན་པོ་སྟག་འབྲོག་གཉིས་ཁོ་ན་སྡུག་བསྲན་དང་དཔྱད་པ་ཆེ་བར་དགོངས་ནས་གསུང་འབྱོན་པར་ཞལ་གྱིས་བཞེས་ཏེ། དེ་དུས་སོ་ཀ་ཡིན་པས་སྟོན་འགྲོ་བར་ཆས་སོ། །དེའང་བླ་ཆེན་དང་པོ་ནས་བརྩོན་འགྲུས་དང་དཔྱད་པ་ཆེ་བར་ཡོད་པས་ཨ་ཙ་ར་བྱུང་བ་ཀུན་ལ་ཟས་བྱིན་ཞིང་འཕྲལ་སྐད་བསླབས་པས་ཕར་གཤེགས་ཙ་ན་འཕྲལ་སྐད་ལ་ལོ་ཙཱ་བ་འཇུག་མི་དགོས་པ་ཞིག་མཁྱེན་སྐད། དེ་ནས་མཁན་སློབ་ཀྱིས་གསེར་མང་པོ་བསྐུར། ཁྱད་པར་དུ་སློབ་དཔོན་གྱིས་ཆེད་གཉེར་ཆེར་མཛད་དེ་རྒྱ་གར་དུ་བརྫོངས་སོ། །དེའི་ཚེ་ཞལ་བཀོད་གསུམ་མཛད་དེ། བསྟན་པའི་རྩ་བ་ཡིན་པས་འདུལ་བ་དང༌། བསྟན་པའི་སྙིང་པོ་ཡིན་པས་ཕར་ཕྱིན་དང༌། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་སློབས་ལ་ཤོག་གསུང་ནས་བསྒོས་སོ། །དེ་ལ་ཆོས་རྗེའི་ཞལ་ནས་ཆོས་ཀྱི་བབས་གོ་བའི་ཞལ་ཏ་ཡིན་ཏེ། དེའི་རྒྱུ་མཚན་ཡང་འདུལ་བ་བསྟན་པའི་རྩ་བ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པའི་རབ་བྱུང་མེད་ན་རྣལ་འབྱོར་པ་ཇི་ལྟ་བུ་བཟང་དུ་རེ་བ་མང་དུ་ཡོད་ཀྱང་བསྟན་པ་རྣལ་མ་མི་འོང༌། ཕར་ཕྱིན་སྙིང་པོ་ཡིན་ཏེ། ཕར་ཕྱིན་མེད་ན་ཐེག་པ་ཆེན་པོའི་རྩ་བ་བྱང་ཆུབ་ཀྱི་སེམས་དང་ས་ལམ་ལ་སོགས་པའི་རྣམ་གཞག་ཙམ་ཡང་མི་ཕྱེད། གསང་སྔགས་ཉིང་ཁུ་ཡིན་ཏེ། ཕྱི་ནང་གི་ཟབ་པའི་གནད་ཐམས་ཅད་ཉམས་ལེན་དུ་དྲིལ་ནས་སྟོན་པས་སྔགས་ལ་མ་བརྟེན་པར་མཐར་ཐུག་གི་འབྲས་བུ་མྱུར་དུ་མི་འཐོབ་པས་སོ། །ཞེས་གསུངས་སོ། །སྟག་འབྲོག་གིས་ཕར་བྱོན་པའི་ལམ་དུ་བལ་པོར་བྱོན། ཆུ་སྙོམས་ཕྱིར་ལོ་གཅིག་བཞུགས་ཏེ། བྷ་རོ་ཧཾ་ཐུང་ཞེས་ཀྱང་ཟེར། མཚན་དངོས་ཤཱནྟི་བྷ་དྲ། བོད་སྐད་དུ། ཞི་བ་བཟང་པོ་ཞེས་པ་ལས་བླ་ཆེན་གྱིས་དབང་བསྐུར་ཞུས་ནས་རྒྱུད་སྡེ་