[A:༡༥]མང་དུ་གསན། སྒྲའང་བསླབས་པས་སཾ་སྐྲྀ་ཏའི་སྐད་དུ་ཆོས་གསན་ཐུབ་པ་ཞིག་མཁྱེན་སྐད། དེ་ནས་བདག་ཅག་རྒྱ་གར་དུ་འགྲོ་བས། རྒྱ་གར་ན་མཁས་པ་ཇི་ལྟ་བུ་བདོག །ཇི་ལྟར་བྱས་ན་ལེགས་ཞུས་པས། བླ་མའི་ཞལ་ནས། སྤྱིར་རྒྱ་གར་ན་ཨོ་དནྟ་པུ་རི། ནཱ་ལེནྡྲ། སཽ་མ་པུ་རིའི་གཙུག་ལག་ཁང་ལ་སོགས་པ་མང་དུ་ཡོད་ཀྱང༌། བི་ཀཱ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་ད་ལྟ་བསྟན་པ་དར་བར་ཡོད་ཅིང༌། ཁྱད་པར་དུ་དེ་ན་མཁས་པ་སྒོ་དྲུག་བྱ་བ་ཡོད་དེ། ཤར་ཕྱོགས་ཀྱི་སྒོ་སྲུང་བ་རཏྣ་ཨ་ཀཱ་ར་ཤནྟི་པ་བྱ་བ་བཞུགས་པ་ལ་སྒྲ་དང་ཚད་མ་གཙོ་བོར་འདྲི། དེ་བཞིན་དུ་ལྷོ་ཕྱོགས་ཀྱི་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ་ཞེས་པ་རྗེ་བཙུན་མ་སྒྲོལ་མ་ལས་ཆོས་དངོས་སུ་གསན། སློབ་དཔོན་ཆེན་པོ་དེ་ལ་ཁྱད་པར་དུ་སྒྲ་ཚད་སྙན་ངག་ལུགས་ཆོས་ལ་སོགས་པ་འདྲི་བ་འོང༌། ནུབ་ཕྱོགས་ན་ཤེས་རབ་འབྱུང་གནས་བློ་གྲོས་ལ་ཁྱད་པར་དུ་མུ་སྟེགས་ཀྱི་གྲུབ་མཐའ་ལ་འདྲི་བ་མང༌། བྱང་ཕྱོགས་ན་ཇོ་བོ་ནཱ་རོ་ཏ་པ་ལ་ཐེག་པ་ཆེན་པོ་གསང་སྔགས་འདྲི་བ་དང་ལུང་ནོད་པའང་མང་དུ་ཡོད་གསུངས། དབུས་ཀྱི་ཀ་ཆེན་གཉིས་ནི་རིན་ཆེན་རྡོ་རྗེ་དང༌། ཛྙཱ་ན་ཤྲཱི་མི་ཏྲ་སྟེ་ཁ་ཆེ་ཛྙཱ་ན་ཤྲཱི་ནི་མིན་གསུང༌། དེ་གཉིས་ལ་ཀ་ཆེན་ཟེར་ཡང་གཞན་ལས་ཡོན་ཏན་ཆེ་རྒྱུ་མེད་དེ། དེ་རྣམས་ཀྱི་ནང་ནས་ཤར་ཕྱོགས་སྒོ་སྲུང་བ་མཁས་པ་ཆེན་པོ་ཤཱནྟི་པ་ཞེས་པ་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུར་གྲགས་པ་དེ་ངའི་བླ་མའང་ཡིན་པས། དེར་སོང་གསུངས་ནས་རྒྱ་གར་དུ་བྱོན་པས་ཤཱནྟི་པ་གྲགས་པ་ཆེ་ཞིང་མཁས་པར་དགོངས་ནས་ཁོང་གི་དྲུང་དུ་ལོ་བརྒྱད་བཞུགས་ཏེ། འདུལ་བ་དང༌། ཕར་ཕྱིན། ཉི་ཁྲི། དག་ལྡན། སྙིང་པོ་མཆོག །ཤེར་ཕྱིན་མན་ངག་སྟེ་ཤཱནྟི་པའི་འགྲེལ་པ་སྐོར་