[A:༡༦]གསུམ་དུ་གྲགས་པ་རྣམས་གསན། དེ་ནས་དབང་བསྐུར་ཞུས་ནས་དགེས་རྡོར་རྒྱུད་གསུམ། བདེ་མཆོག་ལ་སོགས་པ་མང་དུ་གསན་ཅིང༌། མཁས་པ་གཞན་རྣམས་ལའང་ཆོས་འབྲེལ་རེ་ཡོད་གསུངས། གཞན་ཡང་དུས་འཁོར་བ་དང༌། ཨ་མོ་གྷ་བཛྲ་ལ་སོགས་པ་ལའང་ཆོས་མང་དུ་གསན་ནོ། །དེ་ནས་བོད་ཡུལ་དུ་འབྱོན་དགོངས་ཙ་ན་ཤར་ཕྱོགས་ན་ཁ་སརྤཱ་ཎི་སྙན་པ་དང་གྲགས་པ་ཆེ་བས་ཕྱག་མཆོད་བྱ་བའི་ཕྱིར་བྱོན་པ་དང༌། དེ་དང་ཉེ་བ་ན་ཀུ་བ་ཚལ་ཞེས་བྱ་བའི་ནགས་སྟུག་པོ་ཞིག་འདུག་པའི་ནང་ན་དགེ་སློང་ཆོས་གོས་གསུམ་པ་ལྷུང་བཟེད་དང་བཅས་པ་ཞིག་གིས་ཤིང་སྡོང་ཞིག་ལ་གསིལ་བྱེད་ཐུག་ཐུག་བྱས་པས་ཤིང་སྡོང་དེའི་ནང་ན་སེར་གནས་ཚུར་ལུས་མི་སྣང་བར་ལག་པ་གཉིས་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གིས་བསོད་སྙོམས་འབུལ་བ་མཐོང་ནས། ཤིན་ཏུ་དད་དེ་ཕྱག་དང་བསྐོར་བ་དང་བསྙེན་བཀུར་བྱས་ནས་བདག་རྗེས་སུ་འཛིན་པར་ཞུ་བྱས་པས། ཁྱོད་ཅི་དོན་དུ་གཉེར་གསུངས། ཆོས་དོན་དུ་གཉེར། དེའི་ནང་ནས་ཀྱང་གསང་སྔགས་དོན་དུ་གཉེར་ཞུས་པས། འོ་ན་དབང་བསྐུར་དགོས་གསུངས། སྔར་བྷ་རོ་ཧཾ་ཐུང་དང་ཤཱནྟི་པ་ལས་ཐོབ་ཞུས་པས། ངའི་ཆོས་འདོད་ན་ང་རང་གིས་དབང་བསྐུར་དགོས་གསུངས་ནས་དབང་བསྐུར་རོ། །དེ་ལྟ་བུའི་དགེ་སློང་དེ་ནི་བིརྺ་པའི་སློབ་མ་ཌོམྦི་ཧེ་རུ་ཀའི་བརྒྱུད་པ་འཛིན་པ། སློབ་དཔོན་མི་ཐུབ་ཟླ་བའི་དངོས་ཀྱི་སློབ་མའི་མཆོག་རབ་ཏུ་བྱུང་བའི་མཚན་པྲཛྙཱ་ཨིནྡྲ་རུ་ཙི་ར་བྱ་བ། བོད་སྐད་དུ། ཤེས་རབ་དབང་པོ་མཛེས་པ་ཞེས་བྱ་བ་གསང་མཚན་དཔལ་བོ་རྡོ་རྗེར་གྲགས་པ་ཡིན་ནོ། །དེའི་དྲུང་དུ་ལོ་བཞི་བཞུགས་ཏེ་དགྱེས་པ་རྡོ་རྗེའི་རྒྱུད་གསུམ། ཌོམྦི་པའི་རྗེས་སུ་འབྲང་བའི་འགྲེལ་པ་སྒྲུབ་ཐབས་ཡན་ལག་དང་བཅས་པ་དང༌།