[A:༢༢]མི་ནི་མི་བཞུགས། གཉོས་ཀྱིས་བསྙེན་བཀུར་མང་དུ་བྱས། ཆོས་ཙམ་མ་གསུངས་པར་བཞུགས་པ་ལས། གྲོངས་ལྟས་བྱུང༌། བསྙུང་ནད་ཀྱིས་ཐེབས་པས། ངའི་བུ་ཚ་བོ་རིའི་རྩེ་ལ་ཡོད་པས་དེར་སྐྱོལ་གསུངས། གཉོས་ཀྱིས་ཡ་གི་ན་འབྲོག་མིའི་སློབ་མ་གཉིས་ལས་མེད། བདག་ཅག་བླ་མ་དངོས་ཀྱི་སློབ་མ་ལགས་མོད། འདིར་བཞུགས་པར་ཞུ་ཞུས་པས། དེས་མི་ཕན་པ་ཞིག་ཡོད། ང་ཡ་གིར་སྐྱོལ་གསུངས། དེར་ཐོད་ཕུ་ན་བླ་ཆེན་གྱི་སློབ་མ་སྒོམ་ཆེན་པ་སེ་རོག་གཉིས་བྱ་བ་ཡོད་པ་ཅན་དུ་བྱོན་ནས་བཞུགས་ཏེ། ཇོ་བོའི་ཞལ་ནས་བུ་ཀུན་སྒྲུབ་པ་ལ་ནན་ཏན་མ་ཆུང་བར་བསྒོམ་དགོས་པ་ཡིན། ངས་རྒྱ་བོད་ལ་ཕར་འགྲོ་ཚུར་འགྲོ་ལས་སྒྲུབ་པ་ཙམ་བྱེད་པ་མ་བྱུང་སྟེ། སྔགས་པ་འཆི་ན་འདི་བཞིན་བྱེད་པ་ཡིན་གསུངས་ཏེ། ལུས་སྐྱིལ་ཀྲུང་མཛད། རྡོ་རྗེ་དྲིལ་བུ་ཕྱག་ཏུ་བསྣམས་ནས་འོད་ཀྱི་གོང་བུའི་འཕོ་བ་མཛད་པས། འོད་རིལ་མ་ཙམ་ཞིག་སྤྱི་གཙུག་ནས་འཐོན་ཏེ་ནམ་མཁའ་ལ་སོང་བ་བར་ཐང་བའི་ཡུལ་པ་ཐམས་ཅད་ཀྱིས་མཐོང་བ་བྱུང་སྟེ། ནུབ་ཕྱོགས་སུ་སོང་ཞེས་ཀྱང་གྲགས་སོ། །ཕྱིས་སེ་རོག་གཉིས་འདས་ནས་ཁོང་གཉིས་ཀྱི་སློབ་མའང་ཡིན། ཉེ་གནས་ཀྱང་ཡིན་ཟེར་བའི་འཕགས་པ་ཆོས་སྣང་ཞེས་བྱ་བ་ཞིག་ལ་སྐུ་ཚབ་ཟངས་ཀྱི་མཆོད་རྟེན་གསེར་གཏང་བ་ཞིག་དང༌། ཀྱེ་རྡོ་རྗེའི་ཐང་སྐུ། རྒྱུད་ཀྱི་རྒྱ་དཔེ། རྡོ་རྗེ་དྲིལ་བུ་རྣམས་གནང་ནས་ཡོད་པ་ཐོད་ཕུར་བཞུགས། དེ་ནས་དེའི་སློབ་མ་ལྕགས་ཐང་གི་ནགས་སྟོན་ལོ་ཙཱ་བ་བྱ་བ་སྒྱི་ཆུ་བའི་སློབ་མའང་ཡིན་པ་གཅིག་ལ་རྒྱ་དཔེ་དང་ཐང་ཀ་ཕུལ། ཁོང་གིས་ས་ཆེན་གྱི་དྲུང་དུ་གསུང་ངག་ཞུས་པའི་ཡོན་དུ་ཕུལ་ཡང་ཟེར། འགའ་ཞིག་ཆོས་འཁོར་ཞིག་ལ་སྤྱན་དྲངས་པས་མ་བྱོན། སློབ་དཔོན་རིན་པོ་ཆེ་བྱོན།