R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༢༡
[A:༢༡]ཏེ། སེས་བླ་མའི་ཆ་ལུགས་བྱས། བླ་མས་སྤྲང་པོར་བརྫུས་ཏེ་འོངས་པས་ཐར། སེའང་བླ་མ་ལ་གུས་པ་དང༌། སེམས་བསྐྱེད་བཟང་བའི་སྟོབས་ཀྱིས་མ་བསད་པར་ཐར། སྤྱིར་ཡང་བོད་དུ་བླ་མའི་དོན་དུ་སྲོག་བཏང་ནུས་པ་སེ་མིན་པ་མ་བྱུང་གསུང༌། དེར་ལོ་པཎ་བོད་དུ་བྱོན་པས་སྔར་གྱི་ཇོ་བོའི་སློབ་མ་འདྲ་དང་མཇལ་བས་ངོ་ཤེས་ཏེ་ཇོ་བོ་ག་ཡ་དྷ་རར་སོང་བས། མཻ་ཏྲི་པ་མིན་པར་འགོས་ཀྱིས་ཤེས་པས་བླ་མས་ཞལ་རྫུན་གསུང་འདུག་བྱས་པས། ཁྱོད་ཆོས་འདོད་པ་མིན་ནམ། ཆོས་ནི་མཻ་ཏྲི་པ་ལས་ང་མཁས་གསུངས། འགོས་ཀྱང་ཆོས་ལ་མགུ་ནས་བསྙེན་བཀུར་ཡང་མང་དུ་བྱས། འཕགས་སྐོར་ལ་སོགས་པ་གཞུང་འགྲེལ་དང༌། ཀྱེ་རྡོ་རྗེའི་རྒྱུད་གསུམ་ལ་སོགས་པ་མང་དུ་གསན་ཅིང༌། པ་ཚབ་ཏུ་རྒྱུད་གསུམ་ལ་འགོས་འགྱུར་ཡང་བྱས། བཤད་ཉན་ཡང་མང་དུ་བྱས་སོ། །དེ་དུས་ཇོ་བོ་དང་བླ་ཆེན་འབྲོག་མི་མཇལ་བས། བླ་ཆེན་གྱིས་རྗེ་ཐུགས་དམ་དང་འགལ་བར་མཆིའོ། །ཞེས་ཞུས་པས་ཇོ་བོའི་ཞལ་ནས། ཁྱོད་རང་ལ་དམ་ཚིག་གི་ཉེས་པ་འབྱུང་བར་མཆིའོ། །ཁོ་པ་གཞུང་གི་བཤད་པས་ཚིམ་ནས་གདམས་ངག་རྩད་ཀྱང་མི་གཅོད་པར་འདུག་གསུངས། སྔར་གྱི་ཆད་པོའི་སྟོབས་ཀྱིས་ཕྱིས་ཀྱང་འགོས་ལ་གདམས་ངག་མ་གནང༌། འགོས་ཀྱིས་གསེར་སྲང་བདུན་ཅུ་ཙམ་ཕུལ་ནས་ཞབས་ཏོག་ཆེར་བྱས་ཏེ་པཎྜི་ཏ་རྒྱ་གར་དུ་གཤེགས་སོ། །ཡང་དུས་ཕྱིས་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་སྟོད་པུ་ཧྲང་ནས་ཚུར་སྤྱན་དྲངས་ནས་བྱོན། བསྙེན་བཀུར་དང་ཞབས་ཏོག་ཆེར་བྱས་ཤིང་ཆོས་མང་དུ་ཞུས། དེ་ནས་གྱི་ཇོའི་སློབ་མ་ཁ་རག་གི་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་འབྱུང་པོ་བྱ་བས་གདན་དྲངས་ནས་ཁ་རག་ཏུ་བྱོན། དེ་དུས་བླ་མ་འབྲོག་