[A:༢༤]དེ་ཙམ་ན་དྲོད་མ་ཡལ་བར་འདུག་ཟེར། དེ་ནས་བར་དོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེས་ན་བདག་ཉིད་ཆེན་པོ་དེས་སངས་རྒྱས་ཀྱི་བསྟན་པ་ལ་བསྟན་པའི་སྨད་འདིར་ཤིན་ཏུ་དྲིན་ཆེ་བ་ཡིན་གསུངས་སོ།།
༈ བཞི་པ་སློབ་མའི་མཆོག་ཇི་ལྟ་བུ་བྱུང་བ་ནི། དེ་ལྟ་བུའི་རྗེ་མུ་གུ་ལུང་པ་དེ་ལ་སློབ་མའི་མཆོག་ཇི་ལྟ་བུ་བྱུང་ན། སྤྱིར་བསམ་གྱིས་མི་ཁྱབ་ཀྱང་བླ་མ་ཉིད་གཞུང་གསུངས་པའི་སློབ་མ་ལ་མན་ངག་མི་གསུང༌། མན་ངག་གསུངས་པའི་སློབ་མ་ལ་གཞུང་མི་གསུངས་པ་ཡིན་པས། གཞུང་ཚར་བའི་སློབ་མ། མན་ངག་ཚར་བའི་སློབ་མ། གྲུབ་པ་ཐོབ་པའི་སློབ་མ་དང་གསུམ་ལས། དང་པོ་ནི། ལྷ་རྩེའི་གྱི་ལྗང་དབུ་དཀར་བ། ཤངས་ཀྱི་བྲག་རྩ་སོ་ནག་པ། འཕྲང་འོག་གི་དཔྲད་སྟོན་དཀོན་མཆོག་རྒྱལ་པོ། ས་སྐྱའི་འཁོན་དཀོན་མཆོག་རྒྱལ་པོ། ཕྱི་ཚར་ལ་མངའ་རིས་པ་གསལ་བའི་སྙིང་པོ་དང་ལྔ་ཡིན་ནོ། །གྱི་ལྗང་དབུ་དཀར་བས་གསེར་སྲང་དྲུག་ཅུ་འབུལ་བར་ཁས་བླངས་ནས་གཞུང་ཞུས་པས་སྤྱིར་རྒྱུད་གསུམ་དང༌། ཁྱད་པར་སམྦུ་ཊི་ལ་མཁས་པ་ཞིག་བྱུང༌། དེ་ནས་གསེར་སྲང་དྲུག་ཅུ་པོ་འཚོལ་དུ་མདོ་ཁམས་ལྷོ་བརྒྱུད་ལ་བྱས་ནས་རྒྱ་ནག་ཏུ་བྱོན། རྒྱའི་རྒྱལ་པོའི་བླ་མཆོད་མཛད་ནས་བླ་མ་ལ་གསེར་སྲང་བརྒྱ་བསྐུར་བ་ལས། ཕྱག་ཏུ་བཞི་བཅུ་ཙམ་ལས་མ་སྨིན་ཡང་རྒྱབ་ཡིག་ལ་གཟིགས་པས་བླ་མ་མཉེས་སྐད། མདོར་ན་འདིས་བཤད་པ་ནི་ཆེར་མ་མཛད། སྒྲུབ་པ་ལ་གཙོ་བོར་མཛད་པས་ནུས་པ་ཆེན་པོ་བྱུང༌། མགོན་པོ་ལ་རྩལ་ཐོན་པ་ཡིན་སྐད། འགའ་ཞིག་ན་རེ། གཞུང་ཚར་ནས་གདམས་ངག་ཞུས་པས་ནོར་ཁྱེར་ལ་ཤོག་གསུངས་ནས། དབུས་སུ་ཕྱིན། མཐུ་ཚོལ་འདྲ་བྱས་པས་གཡུ་ཕད་ཁུད་གང་