R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༢༥
[A:༢༥]རྙེད། བླ་ཆེན་ལ་ཕུལ་ནས་བླ་མའི་ཆོས་ཀྱིས་བཙལ་བ་མིན། བདག་རང་གིས་ཕན་བྱ་གནོད་བྱ་འདྲས་བཙལ་བ་ལགས་ཟེར། དེར་བསམ་མི་ཁྱབ་ལ་སོགས་པ་རྣམས་ལས་གཞན་གདམས་ངག་མ་གསུངས་སོ། །བྲག་རྩ་སོ་ནག་པ་ནི། བླ་མ་ལ་གཞུང་ཚར་ནས་བསྙེན་སྒྲུབ་ལ་གཙོ་བོར་མཛད་དོ། །དབྲད་སྒོམ་ནི། ས་སྐྱ་པ་དང་ཐུགས་ཀྱང་ཤིན་ཏུ་མཐུན་ཅིང་ཁོང་གཉིས་ལ་དཀོན་མཆོག་རྒྱལ་པོ་རྣམ་གཉིས་ཀྱང་ཟེར་སྐད། སོ་ནག་པ་དང་འདི་གཉིས་ལ་སློབ་མ་ནི་འཕེལ་བ་མེད་གསུངས་སོ། ། ས་སྐྱ་པ་ནི་ཡབ་མེས་ཐམས་ཅད་གསང་སྔགས་རྙིང་མ་བ་ཡིན་ཏེ། དེའང་ཞིབ་ཏུ་བརྗོད་ན། སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱལ་པོའི་ནང་མི་ལ་གཏོགས་པ་འཁོན་དཔལ་བོ་ཆེ་བྱ་བ་ལ་སྲས་བཞི་འཁྲུངས་པའི་ཆེ་བ་ཁྲི་མཛེས་ལྷ་ལེགས། གཉིས་པ་ཚེ་ལ་དབང་ཕྱུག །གསུམ་པ་ཀླུའི་དབང་པོ་སྲུང་བ་ཞེས་བྱ་བ། ལོ་ཙཱ་བ་སད་མི་མི་བདུན་གྱི་ནང་ནས་གཞོན་གསུམ་གྱི་མཁས་ཤོས་སུ་བྱེད་པ་དེ་ཡིན་ནོ། །བཞི་པ་ཚེ་འཛིན་ནོ། །དེའི་སྲས་སློབ་དཔོན་པདྨའི་དངོས་སློབ་འཁོན་རྡོ་རྗེ་རིན་ཆེན་ནོ། །དེ་ལ་སྲས་བདུན་བྱུང་བའི་ཐ་ལྟག་ཤེས་རབ་ཡོན་ཏན། དེའི་སྲས་ཡོན་ཏན་འབྱུང་གནས། དེ་ལ་སྲས་གཉིས་བྱུང་བ་ལས། ཆེ་བ་ཚུལ་ཁྲིམས་རྒྱལ་པོའོ། །དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་རྡོ་རྗེ་གཙུག་ཏོར། དེ་ལ་སྲས་བདུན་བྱུང་བའི་ལྔ་པ་འཁོན་དགེ་སྐྱབས། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་དགེ་མཐོང༌། དེའི་སྲས་བལ་པོ་སྟེ། ཚ་མོ་རོང་གླང་གི་བྲག་ལ་ཡང་ཕུར་གྱི་སྒྲུབ་པ་མཛད་པས་བརྟན་མ་བཅུ་གཉིས་བྲན་དུ་འཁོལ་བའི་གྲུབ་པ་བརྙེས་པ་ཡིན་སྐད། དེའི་སྲས་ཤཱཀྱ་བློ་གྲོས་ཏེ། དེ་ཐམས་ཅད་ཀྱིས་ཕར་ཕྱིན་དང༌།