R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༢༦
[A:༢༦] གསང་བ་སྡེ་དྲུགལེའུ་ལག་བདུནཕྲ་མོ་ཉི་ཤུ་རྩ་གཅིག་ལ་གཙོ་བོར་བྱེད་པས་གཙིགས་ཀྱི་ཆོས་དྲུག་ཅེས་བྱ་སྟེ། དེའི་མན་ངག་དང་ལྡན་ཞིང༌། ཡང་དག་གྲུབ་པ་དང༌། རྡོ་རྗེ་ཕུར་པའི་ཡི་དམ་གྱི་སྒོ་ནས་དངོས་གྲུབ་ཀྱི་རིམ་པ་ཐོབ་པ་ཤ་སྟག་ཀྱང་ཡིན་ནོ། །ཤཱཀྱ་བློ་གྲོས་ལ་སྲས་གཉིས་ཀྱི་གཅེན་པོ་ཤེས་རབ་ཚུལ་ཁྲིམས་ཞེས་པ་ནི། ཡབ་མེས་ཀྱི་ཆོས་དེ་དག་གིས་རྒྱུད་སྦྱངས་ཤིང་རྡོ་རྗེ་ཕུར་པའི་སྒོ་ནས་དངོས་གྲུབ་བརྙེས་པས་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཚུལ་ཁྲིམས་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །དེའི་གཅུང་དཀོན་མཆོག་རྒྱལ་པོ་ནི། གཅེན་སྐུ་གཤེགས་ཁར་གཅུང་དཀོན་མཆོག་རྒྱལ་པོ་ལ། ང་ནི་རྒས། ཁྱེད་གཞོན་པས་འབྲོག་མི་ལོ་ཙཱ་བ་ལས་གསང་སྔགས་གསར་འགྱུར་སློབ་ཅིག །ཁྱོད་ལ་ཕན་ཐོགས་པ་འོང་གི །གསུངས་པ་ལ་མུ་གུ་ལུང་དུ་མ་ཐོན་པར་གཡའ་ལུང་དུ་འབྲོག་མིའི་སློབ་མ་ཁྱིན་ལོ་ཙཱ་བ་ལ། དབྲད་དཀོན་མཆོག་རྒྱལ་པོ་དང་གཉིས་ཀྱིས་བརྟག་གཉིས་གསན། ཚར་ལ་ཁད་པར་ཁྱིན་སྐུ་གཤེགས། དེའི་ཞལ་ཆེམས་ལ་ཁྱེད་ཀྱི་ཆོས་འཕྲོ་མང་མཁར་དུ་བླ་ཆེན་འབྲོག་ལ་ཞུས་ཤིག་གསུངས་པས། དེ་ནས་བླ་མ་དཀོན་མཆོག་རྒྱལ་པོམང་མཁར་དུ་བླ་ཆེན་འབྲོག་མིའི་དྲུང་དུ་བྱོན་པས། ཁྱེད་ཕ་ཤི་ནས་མེས་པོ་ཅན་དུ་སྙེགས་སམ། འགྲོ་ས་མ་ལོགས་གསུང་ནས། དེར་རྒྱུད་གསུམ་གྱི་གཞུང་གི་སློབ་གཉེར་ཚར་ནས་དེའི་རྣམ་གཞག་བྱ་བ་དང༌། གདམས་ངག་ཞུ་བར་དགོངས་ཏེ། ཡུལ་དུ་བྱོན་ནས་གཡའ་ལུང་འཇག་གཤོངས་ཀྱི་ཞིང་བཙོང་བར་འོས་པ་ཀུན་བཙོང༌། ལྷག་མ་དགེ་འདུན་འཕྲད་པ་ལ་ཕུལ་ནས་ད་ལྟའང་གནས་ཆུང་ཡོད། རིན་ལ་རྟ་བཅུ་བདུན་གྱི་ཁལ་དང་བཅས་པ་ཁྱེར་ནས་འོངས་ཏེ་བླ་ཆེན་ལ་ཕུལ་བས། ངས་རྟ་རྒན་མི་སོས་མི་འདོད་གསུང༌།