R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༢༨
[A:༢༨]གསུངས་ནས་རྒོད་མ་དཀར་མོ་གཅིག །མོ་གོས་གཅིག །ནོར་བུའི་ཕྲེང་བ་གཅིག །ཁྲབ་གཅིག །དེ་རྣམས་ཀྱིས་མགོས་བྱས་པའི་རིན་བཅལ་ནས་མོན་གྲོག་མན་ཆད། འབལ་གྲོག་ཡན་ཆད་བླ་མ་དབང་བར་བྱས་ནས་ས་སྐྱར་དགོན་པ་བཏབ་ནས་བཞུགས་ཏེ། སྐུ་ཚེ་དེ་ཉིད་ལ་སྒྲུབ་པ་དང༌། འཆད་ཉན་ལ་སོགས་པས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དོ། །
ཆུ་མོ་གླང་ལ་དཔལ་ལྡན་ས་སྐྱ་བཏབ། །ས་ཕོ་འབྲུག་ལ་ལྷ་ཁང་ཆེན་མོ་བཏིང༌། །ཤིང་མོ་ཕག་གི་ལོ་འདི་ཡར་བཅད་ལ་ལོ་སུམ་བརྒྱ་ཉི་ཤུ་རྩ་དྲུག་གདའའོ། །ས་སྐྱ་བཏབ་ནས་ལོ་བརྒྱད་ན་ས་ཆེན་འཁྲུངས། དེ་དུས་དཀོན་མཆོག་རྒྱལ་པོ་ལྔ་བཅུ་ང་དགུ་བཞེས་སོ། །ས་ཆེན་དགུང་ལོ་ང་ལྔ་ལ་རྗེ་བཙུན་འཁྲུངས་སོ། །རྗེ་བཙུན་སོ་དྲུག་བཞེས་པའི་ཚེ་ཆོས་རྗེ་པ་འཁྲུངས། ཆོས་རྗེ་པ་ང་གསུམ་བཞེས་པའི་ཚེ་འཕགས་པ་འཁྲུངས། འཕགས་པ་གཤེགས་ནས་ཤིང་མོ་ཕག་འདི་ཡན་ལ་ལོ་བརྒྱ་དང་བཅོ་ལྔ་སོང་གདའའོ། །
དེའི་ཚེ་ཡུམ་ཇོ་མོ་ཞང་མོ་ལ་བླ་མ་ཀུན་དགའ་སྙིང་པོ་འཁྲུངས་སོ། །དེ་ལྟ་བུའི་བླ་མ་དེ་ཤིང་ཕོ་ཁྱིའི་ལོ་ལ་སྐུ་འཁྲུངས་ནས་ཆུ་ཕོ་རྟའི་ལོ་དགུང་ལོ་དྲུག་ཅུ་རྩ་དགུ་བཞེས་པའི་དུས་སུ་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་ཀྱིས་བསུ་བ་དང་བཅས་པས་རིག་པ་འཛིན་པའི་གནས་སུ་གཤེགས་སོ། ། མངའ་རིས་པ་གསལ་བའི་སྙིང་པོ་ནི། ཡབ་མང་ཡུལ་བའི་བཙུན་པ་གཅིག །ཡུམ་ཡོ་སེ་མོ་བྱ་བའི་ཁོལ་མོ་གཅིག་དང་མཐུན་ནས་དེ་ལ་བུ་བྱུང་བས་བྱིས་པ་ཆུང་ངུའི་དུས་ན་ཡབ་ཀྱིས་ཀློག་སློབ་ཏུ་བཅུག །བསླབ་བཏུས་ཞིག་ཀློག་དར་ལ་གཏད་པས་ཡབ་གཞན་དུ་བྱོན་ནས་ལོག་པའི་དུས་སུ་ཁོང་བྱིས་པའི་གསེབ་ན་འདུག་པས་ཀློག་མི་སློབ་པར་རྩེད་མོ་བྱེད་པ་བྱས་པས་བསླབ་རྒྱུ་མི་འདུག་གསུངས། དེ་ཅི་ཡིན་བྱས་པས་དེ་ཐུགས་ལ་བྱུང་འདུག །གཞན་ཡང་སྤྱོད་ཕྱོགས་དང་དབུ་མ་ཤར་གསུམ་དུ་