[A:༢༩]མིང་བཏགས་པའི་དབུ་མའི་བཤད་པ་ཀུན་སྐྱེ་བ་སྔ་མའི་བག་ཆགས་སད་པའི་སྟོབས་ཀྱིས་མ་བསླབས་པར་ལེགས་པར་མཁྱེན་ནོ། །གཞོན་ནུའི་དུས་ནས་བཤད་པ་མཛད་པས་གྲགས་པ་ཆེན་པོ་བྱུང་གསུང༌། བླ་ཆེན་ལ་མཚོ་སྐྱེས་ཚར་བརྒྱད་གསན། རྒྱུད་ལ་ཟིན་མཆན་ཞིག་བཏབ་པས་བླ་མས་སྟོན་དང་གསུངས་ནས། བསྟན་པས་འདི་ང་ཡིས་བྱའི་གསུངས་ནས་ཁྱེར། ཡང་གཞན་ཞིག་ལ་བཏབ་པས་བསུབས་གསུངས། དེ་ནས་གཡམ་པ་ལ་བྲིས་ཏེ་གཤེགས་ཁར་མཆན་དུ་བཏབ་ནས་བྱོན་ནོ། །བླ་མ་མངའ་རིས་པའི་ཞལ་ནས་གསང་སྔགས་ལ་གདམས་ངག་མེད་ན་མི་ཤེས་ཟེར་ཏེ་བདེན་པར་འདུག །ངས་ཆོས་འགའ་ཞིག་མ་བསླབས་པར་ཤེས། གཞན་ཚར་རེས་མི་ཤེས་པ་མ་བྱུང་བ་ལ། མཚོ་སྐྱེས་ལ་ཚར་བདུན་ཚུན་ཆད་ཚར་རེ་ལ་རྟོགས་པ་རེ་རེ་སྐྱེ་བ་བྱུང༌། བརྒྱད་པ་ལ་སྔར་དང་ཁྱད་མ་བྱུང་གསུངས། དེ་ལྟར་གཞུང་བཤད་རྣམས་ཚར་ནས་གསུང་ངག་ཞུ་བར་བཞེད་པས་ཆ་རྐྱེན་སྒྲུབ་པ་ལ་ཀོང་པོར་བྱོན། བསོད་ནམས་ཆེན་པོ་བྱུང་ནས་རྟ་ཉི་ཤུ་ཙམ་དང་ཡོ་བྱད་མང་པོ་ཁྱེར་ཏེ་བླ་ཆེན་ལ་དབང་ཞུས་པས་གནང་སྟེ། སྟ་གོན་གྱི་ནུབ་མོ་རྨི་ལམ་དུ་བླ་ཆེན་གྱི་མཛོད་ཡིན་ཟེར་བ་མང་པོ་འདུག་པའི་ཕྱི་སྒོ་ལ་ཉེ་ཤོས་སྒོ་ཆེ་ཞིང་མདོག་སྐྱ་ཁྲིག་གེ་བ་ཞིག་གི་ལྡེའུ་མིག་ཁོང་ལ་གཏད་པ་རྨིས། ནངས་པར་བླ་ཆེན་ལ་རྗེ་ལ་གསུང་ངག་རིན་པོ་ཆེའི་མཛོད་མང་དུ་མངའ་བར་གདའ་སྟེ། འབངས་ལ་མི་གནང་བར་གདའ་ཞུས་པས། ཇི་ལྟར་འདུག་གསུང༌། རྨི་ལམ་ཞུས་པས་གདམས་ངག་གི་ལྡེའུ་མིག་ཁྱོད་ལ་མི་སྟེར་ན་སུ་ལ་སྟེར་གསུངས། འོན་ཀྱང་ཁྱོད་ངའི་གཞུང་འཛིན་པར་འོས་གསུངས་ནས་རྒྱུད་གསུམ་གྱི་སྐོར་རྣམས་རྫོགས་པར་གནང༌། བསམ་མི་ཁྱབ་ལ་སོགས་པའི་མན་ངག་གི་