R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༣༠
[A:༣༠]སྐོར་རྣམས་འགའ་ཞིག་གནང་སྟེ། གསུང་ངག་ནི་མ་ཐོབ་བོ། །འདི་ཉིད་བག་ཆགས་སད་པས་སྐྱེ་བ་སྔ་མའི་ཆོས་རྣམས་དྲན་ཞིང་མ་བསླབས་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཡིན་ནོ། ། ༈ གཉིས་པ་མན་ངག་ཚར་བའི་སློབ་མ་ནི། འབྲོམ་དོ་པ་སྟོན་ཆུང༌། ལྷ་བཙུན་ཀ་ལིརྗེ་མཁར་ཆུང་བའོ། །འབྲོམ་ནི་ཡུལ་དབུས་ཀྱི་
བླ་མ་དམར་གྱིས་གསུང་ཀྱང༌། མདོ་སྨད་པ་ཡིན་པར་འབྲོམ་ལ་ཕྱི་རིང་མོ་ནས་སོ།
འཕན་ཡུལ་བ་ཡིན། རིགས་དང་སྐྱེ་བ་ཤིན་ཏུ་བཟང༌། ལོངས་སྤྱོད་ཆེ། གདམས་ངག་མང་ཞིང་ཁྱད་པར་དུ་མ་མོ་སྲོག་ཏིག་ལ་མཁས་པ་ཞིག་ཡིན། ཁོང་གིས་བླ་ཆེན་གྱི་སྙན་པའི་གྲགས་པ་ཐོས་ནས་དད་དེ་ཡུལ་ནས་རྟ་བདུན་ཙམ་གྱི་ཁལ་དུ་ནོར་མང་པོ་བཀལ་ནས། གླག་པ་ལམ་གྱི་ཕུ་ནས་བསམ་ཡས་ལ་ཐོན་ཏེ་བྱོན་པས་ལམ་དུ་ལྷ་མོའི་སྒྲུབ་ཐབས་ཞུ་བ་མང་པོ་བྱུང་ནས་ནོར་མང་པོ་བྱུང་བ་ཁྱེར་ཏེ་འོངས་ནས། བླ་ཆེན་གྱི་དྲུང་དུ་གདམས་ངག་ཞུ་བ་ལ། ཆོས་ཐུན་རེ་ལ་གསེར་ཞོ་རེའི་མཎྜལ་དང་ཞབས་དཀྲིས་ཀྱི་དར་ཞེང་ཆེན་ཁ་རེ་ཕུལ་ཏེ། དེ་དུས་ཀྱི་དར་བཟང་ཞིང་དཀོན་པས་ད་ལྟ་ཟབ་ཆེན་ཡུག་པས་རིན་ཆེ་སྐད། དེ་བཞིན་དུ་གཏོར་མ་མི་གཉིས་ཀྱིས་ཐེག་ཚད་རེའང་ཚོགས་འཁོར་བྱས། འབྲོག་མིའི་གཡུ་ཞོ་སྤུངས་ཀྱང་ཕུལ་བས་ཤིན་ཏུ་མཉེས། དེ་ལྟར་དུ་དུས་ཁྱད་པར་ཅན་དང་ནར་མའི་བསྙེན་བཀུར་དཔག་ཏུ་མེད་པ་ཡུན་རིང་དུ་མཛད་དེ། ཞབས་ཏོག་ཤིན་ཏུ་བཟང་བས་གདམས་ངག་རབ་ཏུ་ཐོབ་པ་ཡིན་ཟེར། ནང་གཅིག་མཎྜལ་གྱི་གསེར་ཡང་ཟད། ཞབས་དཀྲིས་ཀྱི་དར་ཡང་མེད་པས་ཁོང་རང་གིས་ཇོ་མོའི་དར་ཤམ་ཕོག་ནས་བྱས་པས་ཅུང་ཟད་མ་མཉེས་སྐད། དེ་ལྟར་མན་ངག་ཚར་ནས་ཡུལ་དུ་བཞུད་པར་དགོངས་ཏེ་དཔེ་ཆ་འགེལ་སའི་རྟ་གཅིག་གཡར་