[A:༤༠] མིང་པོ་བདུན་གྱི་སྲིང་གཅིག་མོ་ཡིན། ནོར་ཤིན་ཏུ་ཕྱུག །འཕྱོན་མ་བྱེད། རྩ་གནས་བཟང་བ་ཞིག་ཡོད། དེའི་ལོ་རྒྱུས་བླ་མས་གསན་ཏེ། དེ་ན་ངའི་གདམས་ངག་གི་སྣོད་ཅིག་ཡོད་པར་འདུག་གསུངས་པས། མོས་ཐོས་ཏེ་གཟི་གཡུ་མང་པོ་ཁྱེར་ཏེ་བླ་ཆེན་ཅན་དུ་འོང༌། དབང་གདམས་ངག་ཞུས་པས་གནང་སྟེ་བསྒོམས་པས། དབང་གསུམ་པའི་ལམ་ལ་བརྟེན་ཏེ་ཚེ་འདི་ལ་གྲུབ་པ་བརྙེས་སོ། །དེ་ལྟར་གསུམ་གྱིས་ནི་ལུས་མ་སྤངས་པར་གྲུབ་པ་ཐོབ་པ་ཡིན་ནོ། །
འཆད་མོ་ནི། འཕན་ཡུལ་གྱི་འགྲམ་འཕྱད་པ་སྟེ། བླ་ཆེན་འབྲོག་མི་གནམ་ཐང་དཀར་པོ་ན་བཞུགས་ཙ་ན། བུད་མེད་ཐོ་ཅོ་ཅན་འདྲ་བ་ཞིག་བྱུང་ནས་ཆོས་ཞུས་པས། ཐོག་མར་དབང་རྒྱས་པ་ཞིག་བསྐུར། དེ་ནས་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་གནང་སྟེ། དེའི་མན་ངག་བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད། རྫོགས་པའི་རིམ་པ་རྩ་དབུ་མ། ཐུན་མོང་གི་མན་ངག་གནོད་སྦྱིན་མོ་དབང་དུ་བསྡུ་བ། ལམ་གྱི་ཆ་རྐྱེན་སྨན་ཆེན་པོའི་བཅུད་ལེན་ལ་སོགས་པ་གནང༌། རླུང་བཙན་ཐབས་སུ་སྒོམ་པ་ཞིག་བསྟན་ཏེ། སྒོམ་དུ་བཅུག་པས་འཚོ་བ་མེད་ནས། དབུས་ཀྱི་ཤུན་བྲག་རུམ་བྱ་བའི་ལམ་གྱི་འཛོམ་ཅིག་ཏུ་ལོ་མའི་སྤྱིལ་པོ་ཆུང་ཆུང་གཅིག་བྱས། དེར་འགྲོན་པོ་འགྲོ་བ་རྣམས་ལས་ལམ་ཟན་སློང་གིན་བརྩོན་འགྲུས་དྲག་པོས་ཉིན་མཚན་ངོ་མི་ཤེས་པར་བསྒྲུབས་པས་ཕག་མོ་འགྲུབ་སྟེ་ཐུན་མོང་གི་དངོས་གྲུབ་རྫུ་འཕྲུལ་དང་ནུས་པ་མངོན་ཤེས་བྱུང༌། གནོད་སྦྱིན་མོ་དབང་དུ་འདུས་པས་སྔར་གྱི་དྲིན་ལེན་གྱི་ཚུལ་དུ་ཚུར་ནར་མར་གཏོང་སྐད། དེའང་ཡོ་བྱད་ཅིའང་མེད་ཀྱང་ང་བཞིན་བྱས་ན་འདི་བཞིན་འོང་ཟེར་གྱིན་རྐྱལ་སྟོང་རེ་དང་ཁམ་ཕོར་རེ་ཀླད་ལ་བསྐོར་བས་དེ་གཉིས་ཟན་དང་ཆང་