[A:༣༩] དེ་ནི་མོས་གུས་ཅན་བྱིན་རླབས་ཀྱིས་ཁམས་འདུས་པ་སྟེ། ཁོང་གིས་བརྩོན་འགྲུས་བརྟན་པོས་ལྟོ་གོས་ཀྱི་ཞེན་པ་སྤངས་ཏེ་སྒྲུབ་པ་ཁོ་ནར་མཛད་པས་ཚེ་འདི་ཉིད་ལ་གྲུབ་པ་བརྙེས་སོ། །ཁོང་མང་མཁར་གྱི་རི་ལ་སྒོམ་གྱིན་ཡོད་ཙ་ན། བླ་མ་སེ་ལ་སྟོད་ཤེད་ནས་ཡར་ཆོས་འཁོར་ལ་བྱོན། འབུལ་བ་མང་པོ་བྱུང་བ་དང༌། དེར་བརྟོལ་བ་དང་སློབ་མ་རྣམས་ལ་ཁྱེད་སྔོན་ལ་སོང༌། ང་ཨ་ཅེ་ལ་འཕྲད་ནས་འོང་ཟེར། དེར་ཁོང་ཅན་དུ་བྱོན། དེའི་ནུབ་མོ་དེ་ཀར་གཟིམས་པས། འདིས་མི་བདེ་བས་འདི་ཀར་ཆུ་ཚོགས་ཟེར། ཕྲུ་བ་གཅིག་གཏད་ནས། ནངས་པར་མི་འཁྲུད་པར་དེ་ཀར་ཟན་གཡོས་ནས་བྱིན་ཏེ། ཁར་སེང་འདི་ན་མར་བན་ནེ་བུན་ནེ་མང་པོ་ཞིག་སོང་བ་དེ་པ་ཅི་ཡིན་ཟེར་བས། དེ་པ་བདག་ལ་ཞྭ་མ་ལྕམ་སྲིང་གིས་འབུལ་བ་བྱས་པའི་ནོར་ལགས་གསུངས་པས། ཁོང་གིས་གདོང་པ་ལ་ཧད་དེ་གཟིགས་ནས། འོ་ན་ཁྱེད་ཀྱང་རླུང་གིས་ཁྱེར་འདུག་ཨང་གསུངས་པས། སེ་ན་རེ། མ་ལ་སྐྱེས་ནས་དེ་ལས་ཁ་སྐྱེངས་པ་འོང་མ་མྱོངས་གསུངས་སོ། །དེ་ནས་དབྲད་མོ་ནགས་རྒྱལ་གྱིས་གནོད་སྦྱིན་མོའི་མཆོད་གནས་ལ་གདན་དྲངས། མིང་པོ་གཅིག་ཡོད་པ་རྟས་བསྐྱལ་ནས་གཡམས་པའི་སྒྲོམ་བུ་བྱས་ཏེ་དེར་བཞུགས། མིང་པོ་སོང་ཕོད་ཕྱིན་པས་སྔར་བས་སྐུ་ཤ་སྲབ་ཏུ་སོང་འདུག །འདི་ལྟར་སོང་བ་སྐུ་ཁམས་ངན་ནམ་བྱས་པས། ཁམས་བཟང༌། ཁོ་མོས་ཀྱང་བསྙེན་བཀུར་བཟང་པོ་བྱས་ཏེ། འགྲོ་བ་མཐའ་དག་གི་ཟས་དེ་ཅུང་ཕན་ཆུང་བ་ཡོད་པར་འདུག་གསུང་སྟེ། ཁོང་དེང་སང་གི་བར་དུ་གནས་དེ་ན་བཞུགས། གསོལ་བ་བཏབ་ན་ད་ལྟའང་ལས་དག་པ་འགའ་རེས་མཐོང་བ་དང་གདམས་ངག་ཐོབ་པའང་བྱུང་སྐད་དོ། །
ལྕམ་གཅིག་ནི་ཚ་མོ་རོང་པ་རུས་པ་རྗེ་མོ་སྟེ།