[A:༤༣]བརྟན་པོའང་ཡོད། མཉེན་ལྕུག་བཞི་ལ་མངའ་བརྙེས་པས་སྟག་དང་བྱ་ལ་སོགས་པར་ལུས་གཞན་དུ་སྤྲུལ་པ་དང༌། ལུས་ཀྱི་བཀོད་པ་དུ་མ་མཛད་པ་མི་མང་པོས་མཐུན་སྣང་དུ་གྲུབ་པ་མཐོང་བ་བྱུང་ཞིང༌། བླ་ཆེན་
ས་སྐྱ་པ་
གྱིས་ཀྱང་གཟིགས་ཏེ་སྐུ་ལུས་བདུན་ཙམ་དུ་སྤྲུལ་ནས་སྒྲུབ་པ་ལུང་སྦྱིན་གྱི་དུས་སུ་ངས་ཀྱང་བསྒོམ་པ་ཙམ་མེད་དེ། ཁྱོད་ཡིད་ཆེས་པའི་གནས་སུ་འདི་ཙམ་ཡོད་པ་ཡིན་གསུངས། གཞན་མི་རྒྱུད་ལ་སོགས་པ་འདི་ལྟར་འབྱུང་བྱ་བའི་ལུང་བསྟན་ཡང་མཛད་དོ། །དེ་ནས་བླ་ཆེན་གྱིས་ཇོ་སྲས་སག་སྟོན་དང་ཞང་པོ་སྟོན་པ་བྱ་བ་འདུག་པས་འདི་པ་ལའང་གདམས་ངག་གནང་བར་ཞུ་བྱས་པས། སག་སྟོན་དེའི་སྣོད་མ་ཡིན། ཤམ་པོའི་སྣོད་ཡིན། ཞང་པོ་སྣོད་དུ་རུང་ཙམ་འདུག་སྟེ། མི་ཞུ་བར་འདུག་པས་ཁྱེད་ཀྱིས་ཞུས་གྱིས་གསུངས་ནས། རྗེ་ལ་གདམས་ངག་ཁྱད་པར་ཅན་འདུག་པས་ཞུས་བྱས་པས། རྫོགས་ཆེན་ལ་གོ་ནས་བླ་མ་ཞང་དགོན་པ་བའི་གདམས་ངག་ཤེས་ཟིན་བརྗེད་ཟིན། ད་མི་ཞུ་ཟེར་ནས་མ་ཉན་གསུང༌། མདོར་ན་ཡོན་ཏན་དེ་ལྟ་བུ་མངའ་ཡང་གསུང་ངག་ལ་ཐུགས་གཙིགས་ཆེ་བར་མཛད་པས་གཞན་གྱིས་ཚོར་གྱིས་དོགས་པ་དང༌། རང་གི་ཡོན་ཏན་ལ་རློམ་པ་མེད་པས་ཕྱི་རོལ་དུ་སྦས་པའི་རྣལ་འབྱོར་དུ་བཞུགས་པ་ཡིན་ནོ།།
༈ གཉིས་པ་འབྲིང་དུ་ཐོབ་པ་ནི་ཞ་མ་ལྕམ་སྲིང་ཡིན་ཏེ། ཡུལ་ལ་སྟོད་རྗེ་ཁུམ་བུ་ཕ་དྲུག་གི་ཞ་མ་བརྒྱ་བཞི་པའི་ནང་ནས་ཞ་མ་མེ་རེག་བྱ་བ་ཡིན། ལྕམ་སྲིང་དྲུག་ཡོད་པའི་གཉིས་ཀྱི་འོག་མ་ལྷ་རྗེ་ཞ་མ་མཚན་རྒྱལ་མོ་ལྕམ། དེའི་འོག་མ་མིང་པོ་ཞ་མ་ཆོས་ཀྱི་རྒྱལ་པོ། ཡུལ་ལ་སྟོད་ན་རྗེ་ཁུམ་བུ་བ་ཞེས་ཟེར། ལྕམ་མོ་ལོ་བཅུ་བདུན་པ་ལ་འབྲོམ་ར་ཚ་ཡུད་དེ་བྱ་བ་ཅན་དུ་ཁྱིམ་