R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༤༨
[A:༤༨]པ་ཆེན་པོ་འོང་བའི་བརྡ་ཡིན་པས། འདི་ལས་སློབ་མའང་མང་དུ་འཕེལ་ལོ།། ༈ གསུམ་པ་ཐ་མར་ཐོབ་པ་ནི། ཕ་དྲུག་གི་སྨད་སེ་ཐོག་སྒོམ་ཚོའི་དཔོན་སེ་སྒོམ་བྱང་ཆུབ་ཡེ་ཤེས་བྱ་བ་དེ་ལས་བག་ཙམ་འཕེལ་ཏེ། འོན་ཀྱང་མངོན་རྟོགས་འབྲིང་པོ་སྦྱིན་སྲེག་དང་བཅས་པ་དང༌། བསམ་མི་ཁྱབ་ལ་སོགས་པའི་གདམས་ངག་འགའ་རེ་ལས་ཚང་མ་མེད་གསུངས་སོ། ། གཉིས་པ་རྗེ་དགོན་པ་བ་ལས་ཇི་ལྟར་འཕེལ་བའི་ཚུལ་ནི། རྗེ་དགོན་པ་བ་དེ་ལ་སློབ་མ་མང་དུ་མངའ་ཡང་གསུང་ངག་འདིའི་བརྒྱུད་པ་འཛིན་ཅིང་གྲུབ་པ་བརྙེས་པའི་སློབ་མ་མཆོག་ཏུ་གྱུར་པ་ནི་ས་སྐྱ་པ་ཆེན་པོ་ཉིད་ཡིན་པས་དེའི་རྣམ་པར་ཐར་པ་ཅུང་ཟད་བརྗོད་ན། སྐྱེ་བ་བརྙེས་པའི་ཁྱད་པར། ལུང་རྟོགས་ཀྱི་ཡོན་ཏན་ཇི་ལྟར་མངའ་བ། སློབ་མའི་མཆོག་ཇི་ལྟར་བྱུང་བ། བརྒྱུད་པ་གཉིས་ཇི་ལྟར་འཕེལ་ཚུལ་དང་བཞིས་རྟོགས་པར་བྱ་སྟེ། དེ་ལ་དང་པོ་ནི། བླ་མ་དཀོན་མཆོག་རྒྱལ་པོ་དགུང་ལོ་ལྔ་བཅུ་རྩ་དགུ་བཞེས་པ་ཆུ་ཕོ་སྤྲེའུ་ལ་གུ་ར་བའི་བུ་སྲིང་མོ་ཇོ་མོ་ཞང་མོ་ལ་སྲས་གཅིག་འཁྲུངས་པའི་མཚན་ཀུན་དགའ་སྙིང་པོ་ཞེས་བྱ་སྟེ། དེའང་འགྲོ་བ་ཀུན་གྱི་ཡིད་དུ་འོང་ཞིང་མཛེས་ལ་སྐྱོན་མེད་པ་དགེ་བའི་བཤེས་གཉེན་གྱི་རིགས་ཅན་དུ་གྱུར་པའོ། །དེ་དུས་སུ་རེ་ཞིག་ཆེན་མ་ཕྱུག་མོ་ལ་གསང་ནས་ཡོད་པ་ལ། ཆེན་མ་རྡོ་རྗེ་ཕྱུག་མོ་ན་རེ། ཉིད་ཀྱི་གདུང་བརྒྱུད་འདི་ཆད་དུ་ཕོངས་པ་ཡིན། ཞང་མོ་ལ་སྲས་ཡོད་པ་དེ་བདག་ལ་གསང་བ་དེ་མ་ལེགས། དེ་ཉིད་ལ་སྲས་ཡོད་པས་ཆོག །བདག་ལ་ནོར་མི་དགོས་བུའི་མ་ལ་དགོས་པ་ཡིན་གསུངས་ནས། ས་སྐྱའི་མདུན་གྱི་མཆོད་ཞིང་མ་གཏོགས་པ་ཚོ་ཞང་མོ་ཡུམ་སྲས་ལ་གཏད་དོ། །དེ་ནས་བཟུང་སྟེ་རིམ་གྱིས་ལོངས་སྤྱོད་དང་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ནས་མཐོ་རིས་ཀྱི་ཡོན་ཏན་བདུན་