[A:༤༩]ལ་མངའ་མཛད་པ་ཡིན་ནོ།།
༈ གཉིས་པ་ལུང་དང་རྟོགས་པའི་ཡོན་ཏན་ཇི་ལྟར་མངའ་བ་ལ་གཉིས་ཀྱི། དང་པོ་ལ་གཉིས་ལས། ཐུན་མོང་གི་ཡོན་ཏན་ཇི་ལྟར་མངའ་བ་ནི། དང་པོ་ཉིད་ནས་ཀློག་ཡིག་རྩིས་ལ་བྱང་ཞིང་ལུགས་ཀྱི་བསྟན་བཅོས་རྣམས་དང༌། སྐྱེས་པ་བུད་མེད། དུད་འགྲོ། ནོར་བུ་བརྟགས་པ། སྒྱུ་རྩལ། སྨན་དཔྱད། སྒྲ་སྙན་དངགས། སྡེབ་སྦྱོར་ལ་སོགས་པ་མཁས་པར་གྱུར་པས་ཚུལ་ལུགས་དེ་དག་གི་སྒོ་ནས་འཇིག་རྟེན་པ་ཀུན་གྱི་ཡིད་ཚིམ་པར་མཛད་པ་ཡིན་ནོ།།
༈ གཉིས་པ་ཐུན་མོང་མ་ཡིན་པའི་ཡོན་ཏན་ལ་གཉིས་ཀྱི། དང་པོ། སྤྱིར་གསན་སྦྱོང་མཛད་ཚུལ་ནི། ཐོག་མ་ཁོ་ནར་ཡབ་ལས་ཀྱེ་རྡོ་རྗེའི་དབང་ཞུས་ཏེ་དེ་དག་གི་ཐུགས་སུ་ཆུད་པའི་ཆོས་རྣམས་ཅི་རིགས་པར་གསན་ནོ། །དེ་ནས་དགུང་ལོ་བཅུ་གཅིག་ལོན་པ་ལ་ཡབ་སྐུ་གཤེགས་ཏེ་རྩིས་བྱས་པས་གཤེགས་རྫོང་བྱེད་པ། ཕྱི་རྟེན་གྱི་འགྲམ་འདིང་བ། གདན་ས་བ་ཚུད་པ་རྣམས་ཉིན་གཅིག་ལ་གྲུབ་ན་ཤུལ་དུ་ཕུན་སུམ་ཚོགས་པ་འོང་ཟེར་ནས། ཡུམ་ན་རེ། ཉིད་ཀྱི་ཡབ་ཀྱང་ལོ་ཙཱ་བ་དང་འབྲེལ་བའི་ཆོས་འདི་བརྫུན་ཆུང་ཟེར་ནས་མཉེས། ཡབ་ཀྱི་སློབ་དཔོན་ཡང་ལོ་ཙཱ་བ་ཡིན་པས་ཉིད་ཀྱང་ལོ་ཙཱ་བ་གཅིག་ལ་ཆོས་སློབ་དགོས་ཤིང༌། ཉིད་ཆུང་བས་འོ་ཅག་གིས་དགོན་པ་མི་ཟིན་པས། གདན་ས་བ་རི་ལོ་ཙཱ་བ་ལ་གཏད་པ་དྲག་ཟེར་ནས། བ་རི་ལོ་ཙཱ་གཡུ་མཁར་མོ་ན་ཡོད་པ་སྤྱན་དྲངས་ཏེ། འཕྲང་བྲག་དམར་བ་གཉིས་བསགས་ནས་ཆོས་འཁོར་བྱེད་པ། ཕྱི་རྟེན་གྱི་འགྲམ་འདིང་བ། བ་རི་བ་གདན་སར་བཀོད་པ་རྣམས་ཉིན་གཅིག་ལ་བྱས་ཏེ། ཞིང་མོ་ཆེ་མ་གཏོགས་པའི་གཞིས་ཚོ་བླ་མ་བ་རི་བ་ལ་གཏད་དེ་གདན་