[A:༥༢]འབུལ། ཁོང་རང་ཡང་གསོལ། བྱ་འཕྲང་པ་མཇལ་དུ་འོང་ཙ་ན། འོ་ཅག་གི་མཆོད་པ་ལ་གཞན་མ་དད་པ་སྐྱེའོ་གསུངས་ནས་སྦེད། ཁོང་ལོངས་སྤྱོད་ལ་འཛིན་པ་ཤིན་ཏུ་ཆུང་སྟེ། གཞན་གྱིས་གསེར་སྲང་གང་ཕུལ་འདུག་པ། ཁའང་མ་ཕྱེ་བར་ཡིག་ཆ་གཅིག་གི་ནང་ན་ཕར་ཁྲེ་ཚུར་ཁྲེ་འདུག་པ། འདི་ཅི་ལགས་ཞུས་པས། གསེར་རམ་བྱ་བ་ནོར་ཆེན་པོ་ལགས་སོ་ཟེར་ནས་གང་དགར་བཞག་འདུག་ཟེར། ཁོང་གྲོངས་ཙ་ན་ཐམས་ཅད་ཀྱིས་མཐོང་བར་ཚེས་བཅོ་ལྔའི་ཟླ་འོད་ལྟ་བུར་འདུག་སྟེ། ཅི་ཡིན་བལྟས་པས་བླ་མ་ནི་རིན་པོ་ཆེའི་ཁྲི་ཆེན་པོ་གཅིག་ལ་བཞུགས། ལྷའི་བུ་མང་པོས་ཁྲི་འདེགས་པའི་རིན་པོ་ཆེའི་འོད་དུ་འདུག་སྟེ། དེས་ན་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་བགྲེས་པོ་རྣམས་གྲོས་བྱས་ཏེ། ད་ཕ་ཆོས་གཅིག་རྩད་གཅོད་པ་འཐད་པར་འདུག་པ་ལ་པུ་ཧྲང་པ་གསལ་བའི་སྙིང་པོ་མཁས་ཏེ། དེ་ནི་གཤེགས། དེའི་སློབ་མ་ལ་འཁོན་སྒྱི་ཆུ་བ་དཀོན་མཆོག་འབར་མཁས་ཀྱང་ཟེར། གདུང་རུས་ཀྱང་གཅིག་པས་ཁོང་ཅན་བྱོན་པ་དྲག་ཟེར་ནས་བྱོན། དབང་བསྐུར་ཞུས་པས་སྟ་གོན་གྱི་ནུབ་མོ་མནལ་ལམ་དུ་སྲིད་པའི་རྒྱ་མཚོ་ཡིན་ཟེར་བའི་ཆུ་བོ་ཆེན་པོ་དམར་མེར་རེ་བ་ཞིག་ལ་ཟམ་པ་གསུམ་འདུག་པའི་ཆུ་འགྲམ་ན། བསྒྲལ་རྒྱུའི་མི་མང་པོ་འདུག་པས། ང་སྒྲོལ་བར་ཞུ། ང་སྒྲོལ་བར་ཞུ་ཟེར་ནས། དེ་ལ་བསྒྲལ་བས་ཟམ་པ་ཕྱི་མ་ལ་མི་གསུམ། བར་པ་ལ་བདུན། ཉེ་ཤོས་དེ་ལ་མང་པོ་ཞིག་བསྒྲལ་བ་རྨིས། ཅུང་ཟད་བསྙེལ་ཏེ་ཉི་མ་ཞིག་ལ་བསྙེལ་གསོ་བ་སྙམ་བྱེད་ཙ་ན་མནལ་སད་པས། ནངས་པར་རྨི་ལམ་དྲིས་པས་ན་འདི་ལྟར་བྱུང་ཞུས་པས། བླ་མའི་ཞལ་ནས། ཁྱོད་ཀྱི་འཁོས་ཀྱིས་མི་གསུམ་