[A:༥༣]ལས་ག་ལ་སྒྲོལ་ཞེས་ཞལ་ཀྱལ་ཡང་གསུངས། དེ་ནས་ཀྱེ་རྡོར་ཌོམྦི་པ་དང༌། བྲམ་ཟེ་ནག་པོའི་སྐོར། གྲུབ་པ་སྡེ་བཅོ་བརྒྱད་སྙིང་པོའི་སྐོར། ཕྲ་མོ་ཉི་ཤུ་རྩ་ལྔ་ཡན་ལག་དང་བཅས་པ། འབྲོག་མིའི་ལུགས་ཀྱི་མ་ཧཱ་མཱ་ཡཱ། ཟླ་གསང་ཐིག་ལེ། སངས་རྒྱས་ཐོད་པ་འགྲེལ་པ་དང་བཅས་པ། མར་ལུགས་ཀྱི་གུར་བརྟག །གདན་བཞི་མ་ཧཱ་མཱ་ཡཱ་རྣམས་ཀྱི་བཤད་བཀའ་མན་ངག་དང་བཅས་པ། དབུ་མ་རང་རྒྱུད། བསླབ་བཏུས། སྤྱོད་འཇུག་རྣམས་གསན་ནོ། །དེའང་ཁོང་ལ་གྲྭ་པ་བརྒྱད་ཅུ་ཙམ་ཡོད་པའི་ནང་ནས་ས་ཆེན་གྱིས་ལུང་རིག་མཁྱེན་པ་དང༌། འཇམ་དབྱངས་ཀྱིས་རྗེས་སུ་བཟུང་བས་ཚར་རེ་ལ་མཁྱེན་ཏེ། བླ་མས་ཀྱང་ཐུགས་གཙིགས་ཆེ་སྐད་དོ། །དེ་ཙ་ན་མདོག་སྟོད་དུ་ཆོས་འཁོར་ཞིག་ལ་བླ་མ་སེ་བྱོན་ཟེར། བླ་ཆེན་དེ་ལྟད་མོ་སོགས་ལ་མི་དགྱེས་ཀྱང༌། བླ་མ་སེ་བཟང་པོ་ཡིན་པ་དང༌། ཆོས་བར་ཡིན་པས་སྒྱི་ཆུ་བའི་སློབ་མ་བན་ཆུང་འགའ་དང་འགྲོགས་ནས་བྱོན་པས། བླ་མ་སེ་གྲལ་མགོ་ན་བཞུགས། འུད་མང་པོ་གསུང་གིན་གདའོ། ཁོང་གི་གྲོགས་པོ་ཚོ་ལ་རེ་རེ་ནས་ཇོ་སྲས་ཉིད་ཡུལ་གང་ནས་ཡིན། ཡོན་ཏན་ཅི་ཤེས། ད་བཤད་པ་བྱ་མནོའམ། སྒྲུབ་པ་གཅིག་བྱ་མནོ་ཟེར། བླ་ཆེན་ལ་ཇོ་སྲས་ཉིད་གང་པ་ཡིན་གསུངས། བདག་གྲམ་ཕུ་ཕ་གི་བ་ཞིག་ཡིན་ལགས་བྱས་པས། དེ་གང་ན་ཡོད། ས་སྐྱ་ན་ཡོད་བྱས་པས། འོ་ན། དེ་ན་ངའི་བླ་མ་ཞིག་ཡོད་པ་ཡིན་ཏེ། སྐུ་ནི་གཤེགས་ཡོད་པར་འདུག །ང་ལ་ཁྲལ་འདོད་པ་ཞིག་ཀྱང་མ་བྱུང༌། དེ་ན་བ་རི་བའམ་བྱ་བ་ཞིག་གིས་བཟུང་འདུག་ཟེར་བས་འགྲོ་སྙིང་ཡང་མ་འདོད། ད་དེའི་ཤུལ་ན་ཇི་ལྟར་ཡོད་གསུངས་པས། དེའི་བུ་དོད་ཅིག་ཀ་བདག་