[A:༥༥]བར་འགྲོ་བའི་ཆ་མ་ཡིན་ཏེ། འོན་ཀྱང་སོང་ཕོད་འགྲོ་སྙམ་ཙ་ན་སེས་གསུངས་པ་བདེན་ཏེ་སྐུ་འདས། འགྱོད་དེ་བྱ་ཐབས་ནི་མེད། དེ་ནས་ཡང་གནང་ཁའུ་པ་ཅན་དུ་བྱོན་ནས་ཆོས་གསན་ནོ། །དེ་ནས་དུས་རིང་ཞིག་ན་བླ་མ་སྒྱི་ཆུ་བ་ས་སྐྱར་གདན་དྲངས་ནས་ཆོས་འཁོར་བྱ་དགོངས་ཏེ་ནས་ཁལ་སུམ་བརྒྱ་ཙམ་དང་ཆ་རྐྱེན་མང་དུ་བསྒྲུབས། སློབ་མ་འགའ་ཡང་བསྡུས་ནས་ཡོད་ཙ་ན། བླ་མ་སྒྱི་ཆུ་བ་བསྙུངས་ནས་བླ་ཆེན་ལ་ཤོག་གསུངས་པ་བྱུང་ནས་བྱོན་པས་མ་སླེབས་པར་མ་མཇལ། བླ་མས་ཁྱོད་རང་རབ་ཏུ་བྱུང་ལ་འཁོན་ཚོའི་སྡེ་འདི་སྐྱོངས་གསུངས་པའི་གསུང་བཞག་ནས་སྐུ་གཤེགས་ཏེ། སྒྱི་ཆུ་བའི་གདན་ས་བླ་ཆེན་ལ་གཏད། དེའི་རྗེས་ཀྱི་བྱ་བ་རྣམས་ཚར་ནས་ས་སྐྱར་བྱོན་ཏེ། བླ་མའི་གསུང་སྒྲུབ་པའི་ཆེད་དུ་རབ་ཏུ་བྱུང་དགོངས་ནས། ན་བཟའ་སེར་ཆས་བསྒྲུབས་པས། བླ་མ་གནང་ཁའུ་པས་གསན་ཏེ། ཤོག་གསུངས་ནས་བྱོན་པས། ཁྱེད་སེར་ཆས་བསྒྲུབས་ནས་ཅི་བྱེད་གསུངས། རབ་ཏུ་བྱུང་བ་ལགས་བྱས་པས། མ་བྱེད་གསུངས། བླ་མ་སྒྱི་ཆུ་བའི་གསུང་ཡིན་བྱས་པས། བླ་མ་མཉམ་པོ་ལ་ཁོང་གཤིན་པོའི་ཁ་ཆེམས་པས་ང་གསོན་པོའི་ངག་ལ་ཉོན། རབ་ཏུ་མ་བྱུང་ན་འགྲོ་ཕན་ཆེ་བ་ཞིག་ཡོང་པ་ཡིན་གསུངས་ནས་མ་གནང༌། རབ་ཏུ་བྱུང་བ་མ་གནང་ཡང་འཁོན་ཚོའི་དཔོན་ནི་མཛད། དེ་ནས་བླ་མ་སྒྱི་ཆུ་བ་དེ་བླ་མ་མལ་གྱི་སློབ་མ་ཡིན་པས་སྒྱི་ཆུ་བའི་བདེ་མཆོག་གི་ཕྱག་དཔེ་རྣམས་བསྣམས་ནས་གུང་ཐང་ན་ལ་རྩེ་གནས་གསར་དུ་བྱོན་ཏེ། བླ་མ་མལ་ལ་བདེ་མཆོག་གི་རྩ་བའི་རྒྱུད་ཆ་ལག་དང་བཅས་པ། ཕ་ན་ཕིང་གུ་བ་དང༌། ལོ་ཆེན་རིན་ཆེན་བཟང་པོ། ཇོ་བོ་རྗེ། མ་ཧཱ་ཛ་ན་དང༌། ས་ར་ཧེ་ཏ་