R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༦༠
[A:༦༠]ཀྱི་གླེང་སློང་མཛད་པས། རྗེ་བླ་མ་ཉིད་ལ་རྒྱུད་གསུམ་པོ་ཐུགས་ལ་ཤིན་ཏུ་བྱང་བར་བཞུགས་པས་ལན་བཏབ་པས་འོར་ཆེ། ཤིན་ཏུ་གོ་བཅད་ནས་འདུག་གསུངས་ནས་མཉེས་སྐད། རྗེའི་ཞལ་ནས། རྒྱུད་ལས་རྩ་སུམ་ཅུ་རྩ་གཉིས་བཤད་པ་ལ་སོགས་པ་འདི་ཀུན་སྒྲུབ་པ་པོས་ལམ་དུ་ཁྱེར་ན་ཅི་ཙུགས་བྱེད་གསུངས་ནས་གདམས་ངག་གི་གནད་ཀྱིས་འདྲིར་བྱུང་བ་ལ་ལན་མ་ཐེབས་པས། གདམས་ངག་ཟབ་མོ་ཡོད་པར་འདུག་སྙམ་ནས་ཤིན་ཏུ་ཐུགས་ཆེས་གསུངས། དེ་ནས་དབང་དང་གདམས་ངག་ཞུས་ཏེ། སྔོན་འགྲོའི་ཁྲིད་ཚར་ནས་ནངས་པར་གསུངས་ངག་གསུང་པའི་ནུབ་མོ་རྗེའི་ལྗགས་སྐྲངས་ཏེ་བསྙུངས་ནས། ཆོས་གསན་པ་མ་བྱུང་བས། རྗེའི་ཞལ་ནས་འོ་སྐོལ་གཉིས་ཀྱི་བར་ན་དམ་ཚིག་གི་ཉེས་པ་ཞིག་ཡོད་པར་འདུག་པས་མཎྜལ་ཕུལ་ལ་ཡི་གེ་བརྒྱ་པ་ཟློས་ཤིག་གསུངས་པས། གཞན་འོང་ས་མེད། ཁར་སེང་གདམས་ངག་མེད་པ་རང་ཡིན་ནམ་སྙམ་པ་ཅིག་བྱུང་བ་དེ་ཡིན་ནམ་སྙམ་སྟེ། དེ་ལ་དམིགས་ཏེ་མཎྜལ་ཕུལ། ཡི་གེ་བརྒྱ་པ་མང་དུ་བགྲངས་པས་ཕན་གསུངས། དེ་ནས་ཆོས་གསུངས་པའི་དུས་སུ་དཀའ་བའི་གནས་འགའ་ཞིག་ལ། ཕྱག་ལ་རྡོ་རྗེའི་རྩེ་མོས་ཟིན་བྲིས་བྱས་པས། རྗེའི་ཞལ་ནས་དེ་ཙུགས་མ་མཛད། རྗེའི་ཐུགས་དམ་ལ་གནོད་པ་ལགས་གསུངས་ནས་མ་གནང༌། མན་ངག་ཀྱང་ཁད་ཀྱིས་གནང་བ་ལགས། ཇོ་མོས་ཁོང་ལ་གདམས་ངག་མྱུར་དུ་བྱིན་མཛོད་ཞུས་པས། ཁོང་ཐུགས་ཟབ་པས་ཅི་ཟེར། གདམས་ངག་ཟབ་མོ་ལ་ཁྱི་དང་གློ་བ་འཕྲད་པ་བཞིན་ཅི་ཐོད་ཐོད་དུ་གཏང་ངམ་གསུངས་ནས་རིམ་གྱིས་གནང༌། དེར་དབྱར་དགུན་བཞི་ལྷག་ཙམ་བཞུགས་ཏེ་གདམས་ངག་ཞུས་པས། བླ་མ་དཀོན་