R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༥༩
[A:༥༩]ཕྱག་བྱས་པས། ཁྱེད་ནི་ག་ཤེད་ཀྱི་མི་ཆེན་ཞིག་འདྲ་ན། དེ་ལས་ཀྱང་གསར་མ་བ་ཞིག་འདྲ་ན་ནོར་བ་མིན་ནམ་གསུངས། མ་ནོར་ལགས། གསུང་ངག་རིན་པོ་ཆེ་ཞུ་བ་ལགས་བྱས་ཏེ། ཁྲབ་གཅིག་ཕྱག་རྟེན་དུ་ཕུལ་བས། ད་ཅི་རུ་ནོར་བྱས་ཏེ། ངས་དེ་འདྲ་མི་ཤེས། དེའི་མིང་ཡང་ད་རེས་ལས་མ་ཐོས། ངས་རྫོགས་ཆེན་ཙ་མུནྟི་དང༌། བྲམ་ཟེའི་སྐོར་འདྲ་བཤད་པ་ཡིན། དེ་ཀུན་ཉན་པ་ལ་ཁྱེད་གསར་མ་བ་བྱ་བ་རྟོགས་པ་ཆེ་བས་རྟོག་པ་མི་བྱེད་དམ་གསུང༌། བསྐྱར་ནས་ཞུས་བས་ཀྱང་དེ་འདྲའི་གདམས་ངག་མེད་གསུང༌། འོ་ན་སྤྱོད་ལམ་གྱི་ལུགས་འདི་དང་བྱས་པས་ང་རང་གིས་ནོར་བ་ཡིན་ནམ་སྙམ་ནས་ལོག་པ་དང༌། ཇོ་སྲས་འོད་མཆོག་གི་ཕ་ན་རེ། བླ་མ་ཞང་ལ་འོ་སྐོལ་རང་མཁར་ཆུང་ན་ཡོད་དུས་ན་སྒྱི་ཆུའི་གྲྭ་པ་གཅིག་ལ་ངའི་བླ་མའི་སྲས་པོ་ཡིན་གསུངས་ནས་པང་དུ་ལེན་པ་དེ་འདྲ་ན། བཟློག་པས་ཅིའང་མི་སྟོའམ་ཞུས་པས། འོ་ན་དམ་ཚིག་གི་ཉེས་པར་འགྲོ་ཉེན་ཡོད་པས་ལ་མོར་བོས་གསུངས་ནས་ལོག་སྟེ་ལོ་རྒྱུས་ཞིབ་ཏུ་མཛད་པས། ས་སྐྱ་པའི་སྲས་ཡིན་པར་ཐུགས་ཆེས་ནས། ངས་ད་ཅི་ངོ་མ་ཤེས་པར་བརྫུན་བྱས། མན་ངག་ཡོད་དེ་སྔར་མ་བཤད་པས་བསམ་མནོ་འདྲའང་བྱ་དགོས། སྤྱིར་ཡང་ད་ལྟ་དོར་ཀ་མདོར་བྱ་བའི་སྨད་འདི་ན་སེ་སྟོན་རྡོར་འབྱུང་གིས་པཎ་ཆེན་དང༌། པཎ་ཆུང་དང༌། ལོ་པཎ་དཔོན་སློབ་མང་པོས་ཆོས་འཁོར་བྱེད་པའི་རྩར་རྣལ་འབྱོར་པ་རྒན་པོ་གཅིག་གིས་བཤད་ཉན་བྱས་ཀྱང་མི་མཛེས་པས། དཔྱིད་འདིར་བྱོན་མཛོད། ཆོས་ཚར་བར་བགྱི་གསུང༌། ཕྱིས་ས་ཆེན་གྱི་ཞལ་ནས་འོད་མཆོག་གི་ཕ་འདི་ང་ལ་དྲིན་ཆེ། རྟ་བརྒྱ་ཕུལ་བ་བས་དགའ་གསུང༌། དཔྱིད་ཀ་བྱོན་ཏེ་སླེབས་པའི་ནུབ་མོ་ཆོས་