[A:༦༧]གཤེགས་ནས་ཁྲིད་འཕྲོ་དགེ་བཤེས་གཉེན་ཕུལ་བྱུང་བ་ལས་བསྐྱངས། ཕྱིས་ལྷོ་ཕྱོགས་དཔལ་གྱི་རི་ལ་སོང་སྐད་དོ། །འགའ་ཞིག་མཚར་ཁར་ཐིག་ལེ་བརྟན་པ་དེ་ཡིན་ཟེར་ཏེ་འབྲས་བུ་བཞི་ཤར་བའི་རྟགས་བཞི་པའི་ལམ་གྱིས་རོ་རྐྱང་གཉིས་ལས་འཁོར་ལོ་བཞིར་ཐིག་ལེ་བརྟན་པ་ལའང་ཡོད་པས་བདེན་པ་མཐོང་མ་མཐོང་ཐེ་ཚོམ་ཟའོ། །ཟམ་པ་གཅིག་ལས་མི་བདུན་བསྒྲལ་བ་ནི་བཟོད་པ་ཐོབ་པ་བདུན་ཏེ། རྗེ་པ། ཞུ་བྱས། སྒ་སྟོན། ནགས་སྒོམ་བསོད་ནམས་རྒྱལ་མཚན། མཚར་ཁའི་རྣལ་འབྱོར་པ། སྒོམ་པ་འོད་གྲགས། མང་ཆུང་མའོ། །དང་པོ་ནི། ལོ་རྒྱུས་འོག་ཏུ་སྟོན་ལ། གཉིས་པ་ནི། ཡུལ་ལ་སྟོད་ལྷོ་པ་ཞུ་སྟོན་རོག་པོ་བྱ་བ་ཕར་ཕྱིན་བཤད་པ་ཞིག་གི་དབོན་པོ་ཡིན། ཁོང་གིས་ཀྱང་ཕར་ཕྱིན་ཤེས། ཁོང་བླ་ཆེན་ལ་མོས་པས་ས་སྐྱར་འགྲོ་བ་ཡང་ཡང་ཞུས་པས། ལན་ཅིག་ཁོང་ན་རེ། ང་མི་རྒན་གཅིག་བཙུན་ཆུང་འདི་ཚོ་ལ་ཁ་ད་དང་བཤད་པ་བྱེད་པ་འདི་ནི་ཁྱོད་ཁོ་ནའི་ཆེད་ཡིན་ན། ཁྱོད་ས་སྐྱར་འགྲོ་ན། རང་ཅི་ལ་འགྲོ་ཟེར་བཀའ་བཀྱོན་བྱུང༌། དེར་ཞུ་བྱས་ནི་ཁོང་གི་གདོང་དུ་ཅེར་རེ་བལྟས་ནས། འོ་སྐོལ་རང་གི་ཕར་ཕྱིན་ན་ལར་བདུད་ལ་ལ་ནི་མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་འོང་གསུངས་པ་དེ་ལགས་སམ་བྱས་པས། ལན་མ་བྱུང༌། དེར་ཁོང་གིས་ས་སྐྱར་འོང༌། བླ་ཆེན་ལས་དབང་ཞུས། གདམས་ངག་གནང་སྟེ་བསྒོམས་པས་རྐང་མགྱོགས་དང༌། ལུས་ཀྱི་བཀོད་པ་ལ་སོགས་པ་དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་མངའ་བརྙེས་པ་ཡིན་ནོ། །དེའང་ཁོང་བོད་འདི་སོ་མི་གསོད་ཟེར་ནས་རྒྱ་གར་དུ་གཤེགས། ལན་ཅིག་རྗེ་བཙུན་པ་སྐུ་མཆེད་ནང་མཆོད་ཅིག་མཛད་པའི་ནུབ་མོ་བྱོན་