[A:༦༨]ནས། ནམ་ཟླ་དགུན་ཡིན་ཀྱང་འོལ་མ་སེའི་ཕྲེང་བ་རློན་པ་ཚན་ཅིག་དང༌། འབྲས་ཀྱི་སྙེ་མ་ཚན་ཅིག་གིས་ཕྱག་རྟེན་བྱས། ད་ནངས་གང་ནས་འོང་གསུངས་པས། ད་ཅི་ཉི་མ་ཟེར་བ་ལ་རྡོ་རྗེ་གདན་ནས་འོང་ཟེར། དེར་མཆོད་པ་མཛད་ནས་རྗེ་པས་ཨ་ཕོ་ཞུ་བྱས་དོ་ནུབ་ནི་མི་ཉུང་བས་རྫུ་འཕྲུལ་ཞིག་སྟོན་གསུངས་པས། དེ་སྐད་མི་གསུང་བར་ཞུ་ཟེར་ཙབ་ཙོབ་ལངས། དེ་མི་སྟོའི། སྟོན་གསུངས་པས། མཆོད་ཁང་ཞིག་གི་ནང་དུ་སོང་སྟེ་དར་ཅིག་ནས་ཞུ་བྱས་གཅིག་ཐོན་ནས་ཕྱག་གསུམ་བྱས། འདུད་པ་ཅིག་བྱས་ནས་གྲལ་ལ་བསྡད། དེ་བཞིན་དུ་བདུན་ཚར་རེ་འོངས་ནས་གྲལ་ལ་བསྡད། དེ་ནས་ཡང་སྔ་མ་བཞིན་སོང་ནས་དེ་ཙམ་དུ་གདའའོ་ཟེར་སྐད་དོ། །རལ་གྲི་དང་རྐང་མགྱོགས་གཉིས་ཀ་གྲུབ་པའོ། །
སྒ་སྟོན་ནི་རྟེན་དགེ་སློང་རུས་པ་སྒ་ཡིན་ལ། འདིས་བླ་མ་ས་ཆེན་དང་རྗེ་བཙུན་གཉིས་ཀ་ལས་དབང་དང་གསུང་ངག་རྣམས་ཞུས་ནས་སྔ་ཕྱིར་འབུལ་བའང་མང་དུ་ཕུལ། ཁྱད་པར་དུ་རྗེ་པ་གཡས་རུའི་ཉི་ལུང་དགོན་པར་བཞུགས་དུས་སུ་འབུལ་བ་མང་དུ་བཏང་བས། རྗེ་བཙུན་མཉེས་ཏེ་ལམ་གྱི་ཐུན་བཞི་ལས་དབང་བཞི་ལེན་པ་ལ་སོགས་པའི་ཡི་གེ་མཛད་ནས་གནང་སྟེ། མདོར་ན་སྒྲུབ་པ་གཙོ་བོར་མཛད་ནས་ཡོན་ཏན་མང་པོ་བརྙེས་པ་ཡིན་པར་གསལ་ལོ། །
ནགས་སྒོམ་ནི་རྟ་ནག་པ་སྟེ་བྱིས་པའི་དུས་སུ་ཡུལ་འཁྱམས་ཏེ་གུང་ཐང་དུ་ཟངས་ཀྱང་བུ་པ་བྱ་བའི་གཤིན་རྗེའི་གཤེད་ཀློག་ཚོ་དམར་པོ་བྱ་བ་བྱེད་པའི་དགེ་བཤེས་གཅིག་གི་བ་གླང་འཚོས། དེར་གྱེར་སྒོམ་གྱི་ལད་མོ་བྱས་ནས་ཇི་ཞིག་ཙ་ན་བ་གླང་རྣམས་གཤིན་རྗེའི་གཤེད་དུ་མཐོང༌། སྒྲ་ཐམས་ཅད་ཧྲཱིཿཥྟཱིར་ཐོས། འདི་ལྟར་བྱུང་བྱས་པས། ལས་འཕྲོ་ཡོད་པ་ཡིན་ལས་ཆེ་ཟེར། བསྲེ་བའི་ཆོ་ག་བྱས་ཏེ་སྒོམ་དུ་བཅུག