R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༨༠
[A:༨༠]རྣམ་འཕྲུལ་བསྟན་ནས། ཁྱོད་རབ་ཏུ་འབྱུང་ན་སུ་ལ་འབྱུང༌། དབང་ལེན་ན་གང་ལས་ལེན་གསུང་བ་ན། བདག་རབ་ཏུ་འབྱུང་བའམ་དབང་བསྐུར་ལེན་ན་མཁན་པོ་དང་རྡོ་རྗེ་སློབ་དཔོན་དུ་གྱུར་པ་ཆོས་ཀྱི་རྗེ་ཉིད་དོ། །ཞེས་ཞུས་པས། དེ་ཁོ་ན་བཞིན། ཁྱོད་ཀྱིས་ལེགས་པར་རྟོགས་པ་དེ་བཞིན་ནོ་ཞེས་དབུགས་དབྱུང༌། གཞན་ཡང་དེའི་མཚན་ཐོག་ཐག །བླ་ཆེན་དང་དྲིས་ལན་གྱིས་སྒོ་ནས་ཐེ་ཚོམ་མང་པོ་ཆོད་གསུང༌། རེ་བརྒྱད་པའི་ཚེ་བདེ་བ་ཅན་དུ་སྤྱན་འདྲེན་པའི་ལྷའི་ཕོ་ཉ་མང་པོ་བྱུང་བ་ཕྱིར་བཟློག །རེ་དགུ་པ་ལ་ལྷ་དུ་མ་ལྷགས་ནས་མི་མཇེད་ཀྱི་མི་བསྔགས་པ་དང༌། བདེ་བ་ཅན་གྱི་བསྔགས་པ་བརྗོད་པའི་སྒོ་ནས་སྤྱན་འདྲེན་པ་ན། ཁོ་བོ་ཞིང་ཁམས་བཟང་བ་ལ་དགའ་བ་དང༌། ངན་པ་ལ་མི་དགའ་བ་མེད་ལ། ཞིང་སྦྱོང་བ་ལ་ཞིང་དམན་པ་ཁྱད་པར་འཕགས་ཞིང་བདག་ལ་ལྟོས་པའི་མགོན་མེད་པ་འགའ་ཡོད་པས་མི་འགྲོ་གསུང་ནས་བཟློག །དེ་ནས་ཞག་བཅུ་བདུན་འདས་པ་ན་ཅི་ནས་ཀྱང་གཤེགས་སོ་ཞེས་ཟེར་བ་དང༌། བདེ་བ་ཅན་གྱི་བཀོད་པའང་གཟིགས་ཤིང༌། ཐུན་མོང་དུུ་ས་གཡོ་བ་དང༌། སྒྲ་གྲག་པ། འོད་ཕུང་འཕྲོ་བ་ལ་སོགས་པ་སྣང་ངོ༌། །བདུན་ཅུ་པའི་སྲོད་ལ་ཕྱི་ན་ཡོད་པ་འགའ་ཞིག་གིས་ཀྱང་སྤྱན་འདྲེན་པའི་ལྷའི་ཚོགས་དུ་མ་མཐོང་ཞིང༌། ཆོས་རྗེ་པ་དྲུང་ན་འདུག་པས་ཀྱང་གཟིགས་སྐད། ཐོ་རངས་ཆོས་རྗེ་ཙོག་པུར་འདུག་སྟེ་གསོལ་བ་བཏབ་པས་ཅུང་ཟད་མནལ་བ་ན་བདེ་བ་ཅན་ནས་འོང་ཟེར་བའི་ལྷ་ཚོགས་ནམ་མཁའ་ཁྱབ་པའི་གཟུགས་ཅན་རིན་པོ་ཆེའི་དྲྭ་བས་བསྐོར་བ་རྣམས་ཀྱིས་སེང་གེའི་ཁྲི་རྒྱན་དུ་མས་སྤྲས་པ་དང༌། མཆོད་པའི་བཀོད་པ་དུ་མ་དང་བཅས་ཏེ་རྗེ་པ་བདེ་བ་ཅན་དུ་སྤྱན་འདྲེན་ཟེར་བ་དང༌། ལྷ་རྣམས་ལ་གསོལ་བ་བཏབ་པས་རེ་ཞིག་ཅང་མི་