R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༩༥
[A:༩༥]བཞུགས་པས་མཁྱེན་ནས། ཁྱེད་འོངས་སམ་གསུངས་པས། ཁོང་གཉིས་པོ་ཁྱེད་ཀྱིས་མཁྱེན་ནམ་ཞུས་པས། ཤེས་ཏེ་ཁྱོད་ནི་ངའི་སློབ་མ་འདི་དང་འདིའོ་ཞེས་གསུངས་པས། དད་ནས་ལུས་ཐམས་ཅད་ཀྱིས་འདུད་པར་གྱུར་ཏོ། །དེ་ནས་ནམ་ཞིག་ན་ཆོས་རྗེ་པའི་ཕྱག་ཕྱིར་སྐྱིད་གྲོང་དུ་བྱོན་པའི་ཚེ་གླང་རི་པའི་དགེ་འདུན་རྣམས་ཀྱིས་མཇལ་བ་དང༌། བཙུན་པ་བགྲེས་པོ་ཞིག་ལ་ངའི་ཉེ་གནས་བཀྲ་ཤིས་གྲུབ་བྱུང་ཞེས་གསུངས་པས། དེས་ཀྱང་རང་གི་བླ་མར་ཤེས་ཏེ་ཞབས་ལ་འཇུས་ནས་མཆི་མ་ཕྱུང་ངོ་ཞེས་གྲགས་སོ། །
དེའི་སྐུ་ཚེ་སྔ་མར་སྐ་བ་དཔལ་བརྩེགས་ཀྱིའང་སྐྱེ་བར་གྲགས་སོ། །
དེ་ནས་དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས་ལ་སོགས་པ་གསུངས་པས་ཀུན་གྱིས་ཡ་མཚན་དུ་འཛིན་ཏོ། །འདི་ནི་ངེས་པར་འཕགས་པའོ། །ཞེས་ཕྱོགས་ཀུན་ཏུ་གྲགས་པ་སྟེ། དེ་ཕྱིན་ཆད་འཕགས་པ་ཞེས་མཚན་དུ་གྲགས་སོ། །བརྒྱད་པ་ལ་སྐྱེས་རབས་ཐུགས་ལ་གསུངས། དགུ་པ་ལ་ཆོས་རྗེས་སྔོན་འགྲོའི་ཆོས་འཁོར་མཛད་དུས་ན་བརྟག་གཉིས་གསུང༌། ཚོགས་ཀྱི་གཏམ་བཤད་མཛད་པས་ཐམས་ཅད་ངོ་མཚར་ཏེ་མཁས་པ་ཐམས་ཅད་ཀྱི་ང་རྒྱལ་ཆག་ཅིང་སྙན་པས་ཁྱབ་པར་གྱུར་ཏོ། །བཅུ་པ་ལ་ཆོས་རྗེ་པའི་ཕྱག་ཕྱིར་བྱང་ངོས་སུ་བྱོན་པའི་ལམ་དུ་དབུས་སུ་ཆོས་རྗེ་པས་མཁན་པོ། ཟུར་ཕུ་པའི་མཁན་པོ་ན་བཟའ་འཕྲེང་གསོལ་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་སྟེ། སྐྱོར་མོ་ལུང་པའི་མཁན་པོ་ཤེས་རབ་སེང་གེ་ལས་དགེ་ཚུལ་གྱི་བསླབ་བྱ་རྣམས་གསན་ནོ། །དེ་ནས་བཅུ་བདུན་པ་ལ་ཆོས་རྗེ་པ་ལ་མངའ་བའི་ཡོན་ཏན་ཕལ་ཆེ་བ་ཐམས་ཅད་རྫོགས་པས་ཆོས་རྗེ་པ་ཐུགས་ཤིན་ཏུ་མཉེས་ཏེ། བསྟན་པའི་ཁུར་བཟོད་པར་དགོངས་ནས།