[A:༡༠༠]མ་འདུལ་འཛིན་ཆོས་ཀྱི་མགོན་པོ་ཞེས་བྱ་བས་སྨོན་རྩེར་ལོ་གཅིག་གི་ནང་དུ། རྒྱའི་དགེ་སློང་དང་དགེ་ཚུལ་དགུ་བརྒྱ་དང་བཞི་བཅུ་རྩ་བདུན་གྱི་མཁན་པོ་བྱས་ཏེ། དེ་རྣམས་ལས་བརྒྱུད་པ་ལས་བྱུང་བའི་རབ་ཏུ་བྱུང་བ་མང་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །ཏིང་ངེ་འཛིན་གྱི་བསླབ་པ་ལའང་ཕྱི་རོལ་དུ་མཁས་པའི་བྱ་བ་རྒྱུན་མི་འཆད་པར་མཛད་ཀྱང༌། ནང་དུ་ཏིང་ངེ་འཛིན་ལ་གཡེང་བ་ཅུང་ཟད་ཀྱང་མི་མངའ་བས་ཡི་དམ་ལྷའི་ཞལ་གཟིགས་པ་དང༌། འོད་གསལ་རྒྱུན་མི་འཆད་པ་དང༌། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་སྟེ། སྐྱིད་གྲོང་གི་ཇོ་བོའི་དྲུང་དུ་བྱོན་པའི་ཚེ་མནལ་ལམ་དུ་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཟིགས་པ་ལ། མནལ་ལམ་དུ་བསྟོད་པ་མཛད་པ་དང༌། ཡང་ཆོས་རྗེ་པ་མར་གཤེགས་པའི་ལམ་དུ་ཡང་དགོན་པ་དང་མཇལ་ཏེ་བླ་མ་ནི་མར་གཤེགས་པར་གདའ། བདག་ཅག་སློབ་མ་རྣམས་ལ་ཕྱག་དང་བསྙེན་བཀུར་བྱེད་པ་དང༌། མོས་གུས་ཀྱི་གནས་སུ་གྱུར་པའི་སྐུ་ཚབ་ཅིག་འཚལ་བར་གདའ་བ་ལ། དབོན་པོ་འདི་པ་ཡང་དག་ཅིག་ལགས་སམ་ཞུས་པས་དབོན་པོ་རྣལ་མ་ལགས་གསུངས་ནས། བླ་མ་འདི་ཕ་ཚད་ན་སྣོད་ཅིག་འདུག་པ་ལ་བསྙེས་ནས་སྤྱན་མ་བཙུམས་པར་མནལ་དུ་སོང་འདུགས་པ་བསྟན་ཏེ། འོད་གསལ་ཟིན་པའི་རྟགས་ལགས། སྤྱིར་ངེད་ཀྱི་མི་རྒྱུད་རྣལ་མ་ལ་འོད་གསལ་ཅུང་ཟད་རེ་རྒྱུན་མི་འཆད་དུ་ཡོང་བ་ཡིན་གསུངས་པ་དང༌། རྒྱ་གར་གྱི་པཎྜི་ཏ་གྷོ་ཏཾ་བྷ་དྲ་ལ་མཚན་མོ་རྨི་ལམ་ཇི་ལྟར་བྱུང་བ་ཐམས་ཅད་བདག་ཉིད་ཆེན་པོ་འདིས་མངོན་པར་ཤེས་པས་མཁྱེན་ནས་ནངས་པར་པཎྜི་ཏ་ལ་གསུང་བྱོན་པའི་ཚེ་པཎྜི་ཏ་ངོ་མཚར་བར་གྱུར་ནས། མ་ཧཱ་གུ་རུ་ལ་མངོན་པར་ཤེས་པ་ཨ་ཚེ་ཞེས་