R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༣༠
[A:༤༣༠]པ་དངོས་གྲུབ་རིན་པོ་ཆེའི་སྒོ་འབྱེད་དང༌། དབང་བསྐུར་གྱི་སྐབས་ཐོབ་པའི་དམ་སྡོམ་རྣམས་ངོ་ཤེས་པའི་སླད་དུ་བདག་ཆེན་རིན་པོ་ཆེས་མཛད་པའི་རྩ་ལྟུང་རྣམ་བཤད་ཀྱི་སྟེང་ནས་ཞིབ་རྒྱས་དང༌། ༈ དེ་རྗེས་བདག་མེད་ལྷ་མོ་བཅོ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་སྒྲུབ་ཐབས། དཀྱིལ་ཆོག །མཚམས་སྦྱོར་བཅས་ཀྱི་སྟེང་ནས་སྟ་གོན་སྔོན་འགྲོའི་དངོས་གཞི་དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་བོ།། །། ༈ དེ་ནས་ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་ལས། ཐོག་མར་ཕྱི་བསྐྱེད་པའི་རིམ་པའི་ཁྲིད་ལ། བསྒོམ་བྱའི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པར་བྱེད་པ་ཚར་ཆེན་གྱིས་མཛད་པའི་རྣམ་བཤད་ཉི་ཟེར་ཟིན་ཐུན་དུ་བཤད་པ་དང༌། ཁྲིད་དངོས་སློབ་དཔོན་མཚོ་སྐྱེས་ཞབས་ཀྱི་བཞེད་པ་ཟབ་པའི་ཚུལ་དགུའི་སེམས་འཛིན་གྱིས་ཁ་བསྐངས་ཏེ་ཉམས་ཁྲིད་ཤིན་ཏུ་ཞིབ་པ་དང༌། དེ་རྗེས་ཕྱི་རོལ་དུ་ཞེན་པའི་གདོན་གྱི་གཉེན་པོར་རྡོ་རྗེ་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ཆེན་པོར་བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་ཡིག་སྟེང་ནས་ལུས་དཀྱིལ་གྱི་དབང་ལེགས་པར་ཐོབ་ཅིང༌། དེ་དང་འབྲེལ་བར་རྒྱལ་ཚབ་དམ་པའི་ཡིག་སྟེང་ནས་ཡིག་བརྒྱའི་བཟླས་ལུང་ཐོབ་བོ།། །།