[A:༤༣༡] ༈ དེ་ནས་ཚར་ཆེན་གྱིས་མཛད་པའི་ནང་བསྐྱེད་པའི་རིམ་པའི་རྣམ་བཤད་ཟིན་ཐུན་དུ་བཤད་པ་དང༌། ལུས་དཀྱིལ་གྱི་སེམས་འཛིན། ལྟ་བ་ལ་སོགས་པ་བུམ་དབང་གི་དམིགས་ཁྲིད་ཡོངས་སུ་རྫོགས་པ་དང༌། བདག་མེད་ལྷ་མོ་བཅོ་ལྔ་སིནྡྷཱུ་རའི་དཀྱིལ་འཁོར་དུ་ངག་ཆོས་དང༌། འཇམ་མགོན་མཁྱེན་བརྩེའི་དབང་པོའི་ཡིག་སྟེང་ནས་བྱིན་རླབས་ལེགས་པར་ཐོབ་བོ།། །།དེ་ནས་གཉིས་པ་གསང་དབང་དང་རྗེས་སུ་འབྲེལ་བའི་ལམ་བདག་བྱིན་གྱིས་བརླབ་པ་ཁམས་འདུས་པ་དང་པོ་རླུང་དང་གཏུམ་མོ་དྲོད་རྟགས་ཀྱི་ཁྲིད་ཡོངས་སུ་རྫོགས་པ་དང༌། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་རྗེས་སུ་འབྲེལ་བ་ཁམས་འདུས་པ་བར་པ་དཀྱིལ་འཁོར་འཁོར་ལོ་འདོད་པའི་ལྕགས་ཀྱུ། དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་ཉམས་སུ་བླང་བའི་ཁྲིད་རྣམས་དང༌། བཞི་པ་དབང་བཞི་པ་དང་རྗེས་སུ་འབྲེལ་པའི་ཁམས་འདུས་པ་ཐ་མ་རྦ་རླབས་གསུམ་མམ། སྐྱོན་མེད་གཉུག་མ་ཡེ་ཤེས་ལ་བརྟེན་པའི་ཁྲིད་དེ། དེ་རེ་རེ་ལའང་ལམ། ལྟ་བ། གྲུབ་མཐའ། འདའ་ཁ་མ། བར་དོ། རྨི་ལམ། སྒྱུ་ལུས་དང་བཅས་པའི་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ལམ་ཆ་ཚང་བ་རེ་རེ་སློབ་བཤད་ཐུན་མོང་མིན་པའི་ལུགས་ལྟར་ཤིན་ཏུ་སྨིན་པ་དང༌། དེ་དག་གི་ཆ་ལག་ཏུ་གཏོགས་པའི་བྱིན་རླབས་ཀྱི་སྐོར་ལ། བིརྺ་པས་ས་ཆེན་ལ་སྩལ་བའི་ཟབ་ཆོས་བཞི་ཞེས་གྲགས་པ་ལས། ངག་ཆོས་ཀྱི་ཡིག་ཆའམ། ཐར་པཎ་གྱི་ཡིག་སྟེང་ནས་ལམ་ཟབ་ཕྱི་མའི་བྱིན་རླབས་དམིགས་ཁྲིད་དང་འབྲེལ་པ། བིར་སྲུང་ཐུན་མོང་པའམ། ཕྱི་མའི་བྱིན་རླབས་ངོར་ཆེན་གྱི་ཡིག་ཆ་ལ་ངག་ཆོས་ཀྱི་ཟུར་འདེབས་སྦྱར་བའམ། ཐར་པཎ་གྱི་ཡིག་ཆ་བཀླགས་ཆོག་མའི་སྟེང་ནས་བྱིན་རླབས་སྒོམ་ལུང་དང་བཅས་པ་དང༌། ཡང་ཀུན་མཁྱེན་བསོད་ནམས་སེང་གེའི་ཡིག་ཆ་ལ་ངག་ཆོས་ཀྱི་ཟུར་འདེབས་སྦྱར་བའི་སྟེང་ནས་བིར་སྲུང་ཐུན་མོང་མ་ཡིན་པའམ། ནང་མའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་སྒོམ་ལུང་དང་བཅས་པ་དང༌། ངག་ཆོས་ཀྱི་ཡིག་སྟེང་ནས་ལམ་སྦས་བཤད་ཀྱི་བྱིན་རླབས་སྔོན་དུ་འགྲོ་བའི། བདག་